ཡུས་ཧྲུའུ་ཡིས“ལོ་ལྔའི་འཆར་འགོད་བཅུ་བཞི་པར”སློབ་གསོའི་ཕྱོགས་ལ་མ་དངུལ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གསུམ་དུང་ཕྱུར་གཅིག་ལྷག་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

2025ལོའི་ཟླ12པའི་ཚེས24ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་རྩིས་བྱས་ན་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གསུམ་དུང་ཕྱུར་གཅིག་བྱེ་བ་བརྒྱད་ས་ཡ་གཅིག་བཏང་ནས་འགན་སྲུང་གི་རྨང་རྡོ་ཇེ་བརྟན་དུ་བཏང་ཞིང་། སློབ་སྔོན་སློབ་གསོའི་སྤྱི་ཕན་ཚད98.7%དང་འོས་འགན་སློབ་གསོའི་སྲ་བརྟན་ཚད97.5%། མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད90%བཅས་ཀྱི“ཚད་གསུམ་མཉམ་དུ་འཕར་བ”འདིས་སློབ་གསོ་ཡིས“སློབ་གྲྭ་འགྲིམ་རྒྱུ་ཡོད་པ”ནས“སློབ་སྦྱོང་ཡག་པོ་བྱེད་པའི”བར་གྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་བྲིས་པ་རེད།

ལོ་ལྔའི་རིང་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་མ་ལག་ལྡན་པའི་སྒོ་ནས་ཇུས་འགོད་བྱས། སློབ་སྔོན་སློབ་གསོ་ཁྱབ་གདལ་དང་འོས་འགན་སློབ་གསོའི་སྤུས་ཚད་མཐོར་འདེགས།     མཐོ་འབྲིང་གི་སློབ་གསོ་སྤུས་ལེགས་གཏོད་པ་དང་ལས་རིགས་སློབ་གསོའི་དམིགས་བསལ་གཏོད་པ། དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་དཔུང་སྡེ་ཚད་ལྡན་དུ་གཏོང་བ་སོགས་གཙོ་གནད་ལས་གྲྭ་དྲུག་བཅས་ལག་ཏུ་བསྟར་ནས་དམིགས་འབེན་ཁ་གསལ་དང་བྱེད་ཐབས་ཆ་ཚང་གི་སྲིད་ཇུས་མ་ལག་ཆགས་ཡོད། 《ཡུས་ཧྲུའུ་ཁུལ་གྱི་སློབ་གསོ་རྨང་རྩ་གཉིས་བརྟན་གྱི་བྱེད་ཐབས་དོན་ཚན་བཅུ》བཟོས་ཏེ། སློབ་གསོ་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་མཁོ་འདོན་བྱས། ལོ་ལྔའི་རིང་རིམ་རྩིས་བྱས་ན་སློབ་གསོའི་ཕྱོགས་ལ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གསུམ་དུང་ཕྱུར་གཅིག་བྱེ་བ་བརྒྱད་ས་ཡ་གཅིག་ཙམ་བཏང་བ་མ་ཟད། གཞི་ཁྱོན་སྒོར་བྱེ་བ་གཅིག་ཡོད་པའི་ཡུས་ཧྲུའུ་སློབ་གསོའི་འཕེལ་རྒྱས་ཐེབས་རྩ་བཙུགས་ནས་སློབ་གསོའི་གསར་གཏོད་དང་ཡུན་རིང་གི་འཕེལ་རྒྱས་ལ་མ་དངུལ་གསོག་འཇོག་བྱས། སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ཏེ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་ལྔ་བྱིན་ནས་སློབ་སྔོན་ནས་མཐོ་འབྲིང་བར་གྱི་བརྒྱུད་རིམ་ཧྲིལ་པོའི་སློབ་ཞུགས་འགན་སྲུང་དྲ་བ་བཙུགས་ཡོད།

ཁུལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཏེ་སློབ་གྲྭའི་བསྡོམས་འབོར268ལ་སླེབས་པ་དང་། སློབ་སྔོན་སློབ་གསོ་ནས་མཐོ་འབྲིང་དུས་རིམ་གྱི་རིགས་སྣ་ཚུད་ཡོད་པས། སློབ་གསོའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན། སློབ་གསོ་སྲུང་སྐྱོང་གི་མི་སྣའི་ཆོག་འཐུས་ཚད་གཞི་བཏོན་པ་དང་སྒྲིག་ཁོངས་སུ་མེད་པའི་དགེ་རྒན་གྱི་སྤྱི་ཚོགས་འགན་སྲུང་དོན་འཁྱོལ་བྱས་ནས། ཀུན་ཕན་རང་བཞིན་གྱི་ནོར་སྲིད་ཁ་གསབ་སོགས་མུ་འབྲེལ་བྱེད་ཐབས་བཏོན་པ་དང་། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གི་ཁྱབ་ཚད98.7%བར་ཇེ་མཐོར་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “བྱོལ་འགོག་སློབ་སྲུང”དེ་རྒྱུན་རྣམ་ཅན་གྱི་དོ་དམ་ནང་བཅུག་པ་དང་།     འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་བས།     འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད97.5%བར་ཇེ་མཐོར་ཕྱིན་ཡོད། ཁུལ་རིམ་པའི་དམིགས་བསལ་སློབ་གསོའི་དཔྱད་འཇོག་ཨུ་ཡོན་ལྷན་ཁང་བཙུགས་ཏེ། རྫོང་རིམ་པར་ཐོན་ཁུངས་སློབ་ཁང6བསྐྲུན་ནས་སློབ་གསོ་སྒོ་བཅར་གྱི་ཞབས་ཞུ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པ་དང་ན་གཞོན་སློབ་ཞུགས་ཚད96%ལས་བརྒལ་ནས་སློབ་གསོ་དྲང་གཞག་ཡོང་བ་དངོས་གནས་རྒྱ་ཆེ་རུ་བསྐྱེད། 

​མཚོ་མོ་སྐྱིད་ཀྱིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།