མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

2026ལོའི་ཟླ་དང་པོའི་ཚེས10ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པ་ཡིན།     ཉིན་དེར་མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་རྩ་འཛུགས་བྱས་ནས་མཚོ་སྔོན་གྱི་སྤྱི་བདེ་བྱ་བའི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་དང་ཟུར་མང་པོའི་ཐོག་ནས་མངོན་པ་དང་། མཚོ་སྔོན་གྱི་སྤྱི་བདེ་དཔུང་ཁག་གིས་བློ་སེམས་ཏང་ལ་ཕྱོགས་པ་དང་འགན་འཁྲི་ཕྲག་ཏུ་འཁུར་བའི་ཡིད་ཆེས་བརྟན་པོ་དང་ཞི་དྲག་གཉིས་ལྡན་དང་བློ་སྟོབས་ཆེན་པོས་ཡར་རྒྱས་བརྩོན་པའི་དུས་རབས་ཀྱི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་བྱས།

ཉིན་དེའི་སྔ་དྲོར།    ཞིང་ཆེན་སྤྱི་བདེ་ཐིང་གིས་རྒྱལ་གླུ་ལེན་པ་དང་ཉེན་རྟོག་པའི་དར་ཆ་བསུ་བ།   སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་དམ་བཅའ་བསྐྱར་དྲན་བྱེད་པ།     ཉེན་རྟོག་པའི་གཏན་འཁེལ་ལོ་ཚད་ལོན་པའི་མི་དམངས་ཉེན་རྟོག་པའི་འཐུས་མི་ལ་དྲན་རྟེན་རྟགས་མ་སྤྲོད་པ།  ཆེས་མཛེས་པའི་ལས་བཟོ་བ་ཁྱབ་སྒྲོག་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་སོགས་རྣམ་པ་མང་པོའི་ཐོག་ནས་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དང་།     བྱེད་སྒོ་འདི་དག་གི་ཐོག་ནས་མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཐད་གྲུབ་འབྲས་གསར་པ་བླངས་པ་དང་བྱས་རྗེས་གསར་པ་བཞག་པ་གཅིག་སྡུད་སྒོས་མཚོན་ཡོད་པ་དང་།     མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། བློ་ཡིད་ཚིམ་ཚད་བཅས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་མཚོ་སྔོན་གྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་། སྤྱི་པའི་བདེ་འཇགས་བཅས་ཀྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་སྤྱི་བདེའི་བྱ་བ་སོ་སོར་ཡར་རྒྱས་གསར་པ་བྱུང་བ་དང་ཐོད་བརྒལ་གསར་པ་བྱུང་ཡོད།

བྱེད་སྒོ་སྤེལ་རིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱིས“དུས་ཆེན་གྱི་གཟི་དཔལ་དང་མཉམ་དུ་ཐོག་མའི་བསམ་འདུན་མངོན་པ་དང་།     རིག་ལྡན་ཉེན་རྟོག་ལས་དོན་གྱི་ལེའུ་གསར་པ་འབྲི”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། “རིག་ལྡན་ཉེན་རྟོག་ལས་དོན། བདེ་འཇགས་མཉམ་གནས”ཞེས་པའི་ཉེན་རྟོག་སྒར་གྱི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ་དང་།     རྩེར་སོན་གྱི་དམིགས་བསལ་ཉེན་རྟོག་སྒྲིག་ཆས་སྣ་ཚོགས་འགྲེམ་སྟོན་བྱས་པར་དོ་སྣང་ཆེན་པོ་བྱས།  ཉེན་རྟོག་རིགས་ཁག་གིས་དྲིལ་སྒྲོག་ཁུལ་དང་བློ་འདྲི་སྟེགས་བུ་མཉམ་འབྲེལ་སྒོས་བཙུགས་པས་མང་ཚོགས་ཀྱིས་མཉམ་འགུལ་ཁྲོད་བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ནས་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོ་རུ་བཏང་།     མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཀྱིས“ཉེན་རྟོག་པའི་བླ་སྲོག་བསྐྲུན་པ་དང་ཉེན་རྟོག་པའི་བློ་སེམས་བསྡུ་བ།     ཉེན་རྟོག་པའི་ཟིལ་ཤུགས་མངོན་པ་དང་ལེའུ་གསར་པ་འབྲི་བ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་རིག་རྩལ་དགོང་ཚོགས་བསྡུས་པ་དང་།     བྱེད་སྒོ་ལས་རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་སྤེལ་ནས་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་མཚོ་སྔོན་སྤྱི་བདེ་དཔུང་ཁག་གི་བསམ་པའི་ཉམས་འགྱུར་མངོན།   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས“མཐོ་སྒང་གི་ཉེན་རྟོག་པའི་བླ་སྲོག་དང་བློ་སེམས་གཅིག་མཐུན་གྱིས་བདེ་འཇགས་བསྐྲུན་པ”ཞེས་པའི་རིག་རྩལ་བྱེད་སྒོ་དང“ཟླ་རེའི་བྱེད་སྒོ་གཅིག་དང་དུས་ཚིགས་རེའི་འགྲན་བསྡུར་གཅིག”ཞེས་པའི་སེམས་ནུས་གཅིག་སྒྲིལ་གྱི་གསོན་ཤུགས་ཀྱིས་བརྟས་པའི་ཉེན་རྟོག་སྒར་གྱི་མུ་འབྲེལ་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་བ་དེས་ཚོགས་པའི་སྒྲིལ་ཤུགས་སྔར་བས་གཅིག་སྡུད་བྱས་ནས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་ཀྱི་ལས་རིགས་གཟི་བརྗིད་དང་སྤོབས་སེམས། གཏོགས་སེམས་བཅས་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད།

ཉིན་དེར་མཚོ་སྔོན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་དར་ཆ་བསྒྲེངས་པ་དང་ཉེན་རྟོག་པའི་གླུ་གཞས་དཀྲོལ་བ། དམ་བཅའ་བསྐྱར་དྲན་བྱེད་པ་དང་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས།     ཉེན་རྟོག་སྒར་གྱི་སྒོ་འབྱེད་ཉིན་མོ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་དུས་མཉམ་དུ་རྩ་འཛུགས་བྱས་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་སྔར་བས་བསྐྲུན་ནས་ཉེན་རྟོག་པ་ཡོངས་ཀྱི་འབད་བརྩོན་གྱི་འཐབ་འཛིང་གི་བློ་སྟོབས་གཅིག་ཏུ་བསྒྲིལ།

རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་གཅིག་རྗེས་གཉིས་མཐུད་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་འགན་ཁུར་དང་བྱས་རྗེས་འཇོག་ཤུགས་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་སྤྲོ་སེམས་སྔར་ལས་འཁོལ་བ་དང་སེམས་ཤུགས་ཆེ་བའི་བསམ་པའི་ཉམས་འགྱུར།  བྱང་ཆུབ་པའི་ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ཞབས་འདེགས་ཞུ་རྒྱུ་དང་འགན་སྲུང་བྱ་རྒྱུ་དང་།   རྒྱལ་སྤྱིའི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་གི་བྱ་བ་སོ་སོར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཁྲོད་སྤྱི་བདེ་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་པ་བསྟན།   

​མཚོ་མོ་སྐྱིད་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།