མཐོ་སྒང་གི་སྤུས་ལེགས་ཐོན་རྫས་ནན་ཅིན་དུ་བསྐྱོད་ཅེས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ངོ་སྤྲོད་བྱ་འགུལ་རབ་དང་རིམ་པ་ནན་ཅིན་དུ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1པོའི་ཚེས8ཉིན་ནས10ཉིན་བར།   ཅང་སུའུ་དང་མཚོ་སྔོན་གྱིས་མཉམ་ལས་བྱས་ཏེ་ཕན་འབྲས་ཐོན་པར་བྱེད་པ་དང་།  མཐོ་སྒང་གི་སྤུས་ལེགས་ཐོན་རྫས་ནན་ཅིན་དུ་བསྐྱོད་ཅེས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ངོ་སྤྲོད་བྱ་འགུལ་རབ་དང་རིམ་པ་ནན་ཅིན་དུ་སྤེལ་ཞིང་།    སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་དང་སློབ་གླིང་མཉམ་སྒུལ།   གྲོང་མིས་ཉམས་ལེན་སོགས་མཉམ་འགུལ་ཆེན་པོ་གསུམ་བརྒྱུད་དེ། རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན། དག་གཙང་མཚོ་ལྷོ་ཡི་ཟོང་རྟགས་འགུག་ཤུགས་མངོན་པར་བྱས་ནས་ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་ལས་ཐད་རིག་གནས་ཡུལ་སྐོར་གྱི་སྒུལ་ཤུགས་གསར་པ་བསྣན།

ཟླ1པོའི་ཚེས8ཉིན།   མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་འཐུས་ཚབ་ཚོགས་པ་ནན་ཅིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་སུ་སོང་ནས་བརྗེ་རེས་བྱས་པ་དང་།  རང་ས་གནས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཉམས་ལེན་མཉམ་བསྲེས་གཙོ་ཡིན་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གྲུབ་འབྲས་ངོ་སྤྲོད་བྱས་ཤིང་།  ཕྱོགས་གཉིས་ཀྱིས་རྗེས་མཐུད་ཀྱི་བྱེད་སྒོ་རབ་དང་རིམ་པ་ལག་བསྟར་བྱེད་པའི་ཐད་སྦྲེལ་མཐུད་ཟབ་མོ་བྱས་ཏེ་ཉིན་གསུམ་གྱི་བྱེད་སྒོའི་ཐད་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་བཏིངས།

ཚེས9ཉིན་གྱི་སྔ་དྲོར་སྤེལ་བའི་ཅང་སུའུ་དང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྦྲེལ་མཐུད་ཅེས་པའི་ཡུལ་སྐོར་ལས་དོན་ཁང་གི་མཉམ་ལས་བཞུགས་མོལ་ཚོགས་འདུའི་སྟེང་།  ཅང་སུའུ་ཡི་མིང་དུ་གྲགས་པའི་ཡུལ་སྐོར་ལས་དོན་ཁང་དང་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་སྡེ་ཁག    མཛེས་ལྗོངས་ཁུལ་གཙོ་བོའི་འགན་ཁུར་མི་སྣ་བཞི་བཅུ་ལྷག་ཞུགས་པ་དང་།    མཚོ་ལྷོ་ཁུལ་གྱིས་མཚོ་ལྷོ་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱ་དགའི་རོགས་སྐྱོར་ལག་བསྟར་ཞིབ་སྲོལ་ཁྱབ་བསྒྲགས་བྱས་ཤིང་།   ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་ཚ་རྔ་འགག་སོགས་མཛེས་ལྗོངས་ཁུལ་གྱིས་ཆེད་གཏོགས་གཟིགས་སྐྱོང་སྲིད་ཇུས་བཏོན་པར་མ་ཟད།   ཡུལ་དངོས་ནས་མཛེས་ལྗོངས་ཁུལ་གྱི་སྤ་སེ་དང་འཛད་སྤྱོད་བྱང་བུ་མང་པོ་བྱིན།    ཅང་སུའུ་ཡི་ཁེ་ལས་ཁ་ཤས་ཀྱིས་བློ་འདོན་ཇུས་འབུལ་བྱས་ལ།   ཅང་སུའུ་ཡི་ཡུལ་སྐོར་ལས་དོན་ཁང་ལྔ་ཡིས་མཚོ་ལྷོ་ཁུལ་གྱི་མཛེས་ལྗོངས་ཁུལ་བར་མཉམ་ལས་གྲོས་མཐུན་གྲོས་ཡི་གེ་བཀོད་ནས་མཐུན་སྦྱོར་མཉམ་ལས་ཐད་སྐུལ་འདེད་ནན་མོ་བཏང་།

ཉིན་དེར།  གློག་བརྙན་གྱི་རྗེས་འབྲངས་ནས་ཡུལ་སྐོར་ལ་འགྲོ་ཞེས་པའི་བྱེད་སྒོ་ནན་ཅིན་དགེ་འོས་སློབ་ཆེན་དུ་སྤེལ།   ཞིམ་ཟས་མྱོང་དཔྱད་དང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན།   བོད་ལྭ་ཉམས་ལེན་སོགས་རྣམ་པ་སྣ་མང་བརྒྱུད་དེ་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་ཀྱིས་སློབ་རའི་འཚོ་བར་སྤྲོ་སྣང་བསྩལ།

ཚེས10ཉིན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་ཚོགས་འདུས་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་དང་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་སོགས་བརྒྱུད་དེ་ཕྱོགས་མང་པོ་ནས་མཐོ་སྒང་གི་མཛེས་སྡུག་མངོན་པར་བྱས།

དུས་ཡུན་ཉིན་གསུམ་གྱི་བྱེད་སྒོ་རབ་དང་རིམ་པ་ནི་མཚོ་ལྷོ་ཁུལ་གྱིས་ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་ལས་གཏིང་ཟབ་ཏུ་སྤེལ་བ་དང་།   རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།   ཕྱོགས་མང་པོ་ནས་མཚོ་ལྷོ་ཁུལ་གྱི་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་ངོ་སྤྲོད་བྱས་པར་མ་ཟད།   ཞིང་ཕྱུགས་ཐོན་རྫས་སོགས་ཀྱི་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་ལ།  དག་གཙང་མཚོ་ལྷོའི་ཟོང་རྟགས་ཀྱི་མིང་གྲགས་དང་ཤུགས་རྐྱེན་ནུས་ཤུགས་མཐོར་འདེགས་བཏང་སྟེ་ས་ཁུལ་གཉིས་ཀྱིས་རྗེས་ཕྱོགས་རིག་གནས་ཡུལ་སྐོར་དང་ཐོན་ལས་སོགས་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།