རྨ་ལྷོ་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་དམིགས་ཚད་གསུམ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཉེ་ལམ།    གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན།    ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་།     རྨ་ལྷོ་ཁུལ་གྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བྱ་བར་སྐུལ་འདེད་ནན་མོ་བཏང་སྟེ་བསྡོམས་པས་སྤྱི་ཆིངས་འབུམ་གཅིག་དང་ཁྲི་ལྔ་ལྷག་གི་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་ལས་འགན་ཡོངས་འགྲུབ་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་ཐད་ཚད་བརྒལ་རང་བཞིན་གྱིས་མཐོར་འདེགས་འབྱུང་བ་མངོན་འགྱུར་བྱས།   ཁུལ་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་གི་བརྒྱ་ཆའི་རེ་གཉིས་ལྷག་ནས་བརྒྱ་ཆའི་བདུན་ཅུ་ལྷག་ལ་མཐོར་འདེགས་བྱུང་བ་དང་།    རང་བྱུང་རྩྭ་ཐང་གི་རྩྭ་སྐྱེ་ཚད་སྤྱི་ཆིངས་རེར་སྤྱི་རྒྱ་སྟོང་ལྔ་དང་བརྒྱད་བརྒྱ་གོ་དྲུག་ལྷག་ལ་སླེབས་ཤིང་།    རྩྭ་ཐང་གི་ཐེག་ནུས་ལུག་གཅིག་ལ་སྤྱི་ཆིངས་ཐིག་གྲངས་ཆུང་བཞི་ལྔ་ལ་སླེབས་ནས་དམིགས་ཚད་ཆེན་པོ་གསུམ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ།  རྨ་ལྷོ་ཁུལ་གྱིས་འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རྨ་ལྷོ་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རྩྭ་ཐང་བེད་སྤྱོད་དང་རྩྭའི་ཐོན་ལས་འཕེལ་རྒྱས་འཆར་འགོད་སོགས་མཛུབ་སྟོན་རང་བཞིན་གྱི་ཇུས་གཞི་རབ་དང་རིམ་པ་སྒྲིག་བཟོ་གཏན་འབེབས་བྱས་པ་དང་།    རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲིད་ཇུས་མ་དངུལ་གྱི་ཁྲིད་ཕྱོགས་ལ་དམ་པོར་དམིགས་ནས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་སྐྱེ་ཁམས་ཐོན་ཁུངས་དོ་སྲུང་།  རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ལས་གཞི་གཙོ་བོར་འཆར་འགོད་གནད་ལ་འཁེལ་བ་བྱས་ཞིང་ནུས་ཡོད་སྒོས་ཡིག་ཐོག་སྙན་ཞུ་བྱས་ཏེ་ནགས་རྩྭ་ལས་གཞིའི་དངུལ་གཏོང་བརྟན་འཇགས་ངང་འཕར་བར་སྐུལ་འདེད་བཏང་།    མིག་སྔའི་བར་དུ།   ཁུལ་ཡོངས་ཀྱི་ནགས་རྩྭ་ཁྱབ་ཁོངས་སུ་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་ལྷག་བཏང་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་གྱི་འགན་སྲུང་བཟང་བོ་འདོན་སྤྲོད་བྱས།

ལམ་ལུགས་ལག་བསྟར་གྱི་ཐད་ནས་རྨ་ལྷོ་ཁུལ་གྱིས་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་ཁུལ་དབྱེ་འབྱེད་ལེགས་སྒྱུར་བྱེད་པའི་བྱ་བའི་ཇུས་གཞི་པར་འགྲེམ་བྱས་ཏེ་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་ཁུལ་གྱི་གྲུབ་ཚུལ་ལ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ་གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས།   སྐོར་ཞིབ་ཐེངས་གྲངས་ཇེ་མང་དུ་གཏོང་བ་དང་ཁྲིམས་བསྟར་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་བ་བརྒྱུད་དེ་སྒྲིག་འགལ་ངང་ཕྱུགས་འཚོ་བ་སོགས་རྩྭ་ཐང་གི་སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཚོད་འཛིན་ནན་མོ་བྱས་ནས་ཁུལ་ཁོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བརྟན་འཇགས་སྒོས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།

སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་འཕེལ་རྒྱས་གཉིས་མཉམ་འབྲེལ་ཟབ་མོ་བྱས།    རྨ་ལྷོ་ཁུལ་གྱིས་རང་སྟེང་གི་དགེ་མཚན་ལ་རྐང་བཙུགས་ནས་སྐྱེ་ཁམས་དང་དམངས་ཕྱུག་མཉམ་བསྲེས་ཀྱི་འཕེལ་རྒྱས་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་དང་།      ལོ་རེར་མང་ཚོགས་སྟོང་ལྔ་ཙམ་ནགས་རྩྭ་འཛུགས་སྐྲུན་ལས་གཞིའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས་ལོ་གཅིག་ལ་མི་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར་སྟོང་དྲུག་དང་ལྔ་བཅུ་ཡོད་པར་བྱས་ཏེ་མང་ཚོགས་རྣམས་ལ་རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱེད་པའི་གོ་རིམ་ཁྲོད་ཁེ་ཕན་ཐོབ་པར་བྱས།

དེ་དང་མཉམ་དུ། རྨ་ལྷོ་ཁུལ་གྱིས་མིས་སྔོན་འགོག་ཚོད་འཛིན་དང་ལག་རྩལ་ལ་བརྟེན་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་གཞི་གཅིག་ཅན་གྱི་འགོག་སྲུང་མ་ལག་བསྐྲུན་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་།  ནགས་ལས་ཐད་ཀྱི་གནོད་ལྡན་སྐྱེ་དངོས་ཀྱི་འགོག་བཅོས་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ།   བསྡོམས་པས་སྤྱི་ཆིངས་ཁྲི་བཞི་ལྷག་གི་ནགས་ལས་ཐད་ཀྱི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱ་བ་ཡོངས་འགྲུབ་བྱས་པ་དང་།   ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་དང་ནགས་ལས་ཐད་ཀྱི་གནོད་ལྡན་སྐྱེ་དངོས་ཀྱི་གནོད་པ་ཚབས་ཆེན་གཅིག་ཀྱང་མ་བྱུང་བར་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་འགོག་ར་སྲ་བརྟན་དུ་བཏང་།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།