མཚོ་ནུབ་ཀྱིས་ཐོན་ལས་རིམ་སྤོར་ལ་བརྟེན་ནས་འབྲོག་ལས་དར་ཞིང་རྩྭ་ས་རྒྱས་པར་རམ་འདེགས་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་འདེབས་གསོ་ཟུང་འབྲེལ་དང་ཞིང་འབྲོག་གསབ་རེས། རྩྭ་ཕྱུགས་འཁོར་རྒྱུག་བཅས་ཀྱི་འཕེལ་རྒྱས་ཐབས་ལམ་རྒྱུན་འཁྱོངས་བྱས་ཏེ། གཟན་རྩྭའི་ཐོན་ལས་དེ་གཞི་ཁྱོན་ཅན་དང་ཚད་གཞི་ཅན་དུ་མྱུར་མོར་བསྐྱོད་པར་སྐུལ་འདེད་བཏང་བས། ཕྱུགས་རིགས་ཀྱིས་བདེ་འཇགས་ངང་དགུན་སྐྱེལ་བར་འགན་སྲུང་ནུས་ལྡན་བྱས་པར་མ་ཟད། སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་རྣམ་པ་བསྐྱར་སྐྲུན་བྱས།

འཕོ་འགྱུར་དེ་མ་ལག་ལྡན་པའི་རྩེ་རིམ་ཇུས་འགོད་དང་ཏན་ཏིག་གི་ཐོན་ལས་སྐུལ་འདེད་ལས་བྱུང་། མཚོ་ནུབ་ཁུལ་གྱིས2024ལོ་ནས་2026ལོའི་བར་གྱི་རྩྭ་ཕྱུགས་འཁོར་རྒྱུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་གཏན་འབེབས་བཟོས་ཏེ། འབྲོག་ཁུལ་གྱི་ཕྱུགས་རིགས་སྐྱེ་འཚར་དང་། རོང་ཁུལ་གྱིས་གཟན་རྩྭ་ཁ་གསབ་བྱེད་པ། ཕྱུགས་འཚོ་མཚམས་འཇོག་པ་དང་རེས་སྐོར་ནས་ཕྱུགས་འཚོ་བ། ཕྱུགས་ཁང་དུ་གཟན་རྩྭ་བྱིན་ནས་གསོ་བ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ལ། དེའི་དམིགས་ཡུལ་ནི་གཟན་རྩྭ་འདེབས་འཛུགས་ཀྱི་གཞི་རྒྱ་བསྐྱེད་པ་དང་ནུས་པ་མཐོར་འདེགས། གསོ་སྤེལ་ཐོན་ལས་ཀྱི་སྤུས་འདེགས་གྲངས་འཕར་བཅས་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཕྲེང་སྦྲེལ་ཧྲིལ་བོའི་སྐྱེ་ཁམས་འཁོར་རྒྱུག་དང་ཕན་འབྲས་བསྟུད་མར་འཕེལ་རྒྱས་གཏོང་བའི་དེང་རབས་ཅན་གྱི་རྩྭ་ཕྱུགས་ཐོན་ལས་ཀྱི་རྣམ་པ་གསར་བ་འཛུགས་ཆེད་རེད། གཏེར་ལེན་ཁ་དང་ཏུའུ་ལན་སོགས་ཀྱི་ས་ཁུལ་དུ། གཟན་རྩྭ་བཏབ་པའི་རྟེན་གཞི་མང་པོ་བྱུང་ཞིང་། མིག་སྔར་ཁུལ་ཡོངས་སུ་གཟན་རྩྭ་བཏབ་པའི་རྒྱ་ཁྱོན་མུའུ་ཁྲི་ཅན་གྱི་རྟེན་གཞི་གཉིས་དང་། རྒྱ་ཁྱོན་མུའུ་སྟོང་ཅན་གྱི་རྟེན་གཞི་བཞི་བཙུགས་ཚར་ཏེ། སྤུས་ལེགས་གཟན་རྩྭའི་ལོ་རེའི་ཐོན་ཚད་ཏུན་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ་ཡོད། འདེབས་འཛུགས་རྒྱ་ཁྱོན་རྒྱ་བསྐྱེད་པ་དང་ཐོན་ཚད་ཇེ་མཐོར་བཏང་བར་བརྟེན། གསོ་སྤེལ་གཞི་ཁྱོན་བརྟན་པོའི་ངང་འཕར་བར་སྐུལ་ཁྲིད་བྱས།

ཐོན་ལས་གཞི་ཁྱོན་རྒྱ་བསྐྱེད་པར་སྐུལ་འདེད་བཏང་བ་དང་མཉམ་དུ། མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་གནད་འགག་ལ་གཞིགས་པ་དང་། ས་ཁུལ་ཁ་ཤས་ཀྱི་ཚ་བུལ་ས་རྒྱུར་འདེབས་འཛུགས་བྱེད་མི་བདེ་བའི་དཀའ་གནད་ལ་དམིགས་ནས། ས་དེའི་སྲིད་གཞུང་གིས་ཚན་ཞིབ་སློབ་གླིང་དང་ཁེ་ལས་བར་མཉམ་འབྲེལ་བྱས་པས། ཚྭ་བུལ་ས་རྒྱུ་ལེགས་བཅོས་དང་གཟན་རྩྭ་འདེབས་འཛུགས་ཀྱི་སྡེབ་སྒྲིག་ལག་རྩལ་ཁྱབ་གདལ་བཏང་སྟེ། ཚྭ་བུལ་ས་རྒྱུ་སྤྱི་ཆིང་སྟོང་བཞི་དང་བདུན་བརྒྱ་བཅོས་སྐྱོང་བྱས། སྔར་གྱི་མཐའ་མཚམས་ས་ཞིང་དེ་གཟན་རྩ་འདེབས་ཁུལ་དུ་བསྒྱུར་བར་བརྟེན། རང་བྱུང་རྩྭ་ཐང་གི་ཕྱུགས་འཚོ་བའི་གནོན་ཤུགས་ཇེ་ཡང་དུ་བཏང་བར་མ་ཟད། ཁུལ་ཁོངས་ཀྱི་གནོད་འགོག་ཕྱུགས་སྲུང་ནུས་པ་མངོན་གསལ་གྱིས་ཇེ་མཐོར་བཏང་།

དུད་ཁྱིམ་རེ་རེའི་འབྲོག་པའི་དྲོད་ཁང་ནས་གཅིག་སྡུད་མཉམ་སྦྲེལ་གྱི་གཟན་རྩའི་རྟེན་གཞིའི་བར་དང་། སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ནས་ནུས་མཐོ་མཐུན་སྦྱོར་གྱི་རྩྭ་ཕྱུགས་མཉམ་འགུལ་བར། མཚོ་ནུབ་ཁུལ་འདི་ཉིད་སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་གོམ་སྟབས་བརྟན་པོས་བསྐྱོད་དེ། དེང་རབས་ཅན་གྱི་རྩྭ་ཕྱུགས་ཐོན་ལས་མ་ལག་མགྱོགས་མྱུར་ངང་བཙུགས་པ་དང་། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་པར་རྨང་གཞི་བརྟན་པོ་བཏིངས།

​ལྷ་མོ་འཚོས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།