མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར་བཞི་གྲབས་གསོག་བྱས་ཏེ་བཞུར་རྒྱུད་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཐད་བཀོལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1པོའི་ཚེས12ཉིན།   མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་བསྒྲགས་པ་ལྟར་ན།    ཞིང་ཆེན་ཡོངས་ཀྱི་བཞུར་རྒྱུད་གཙོ་བོའི་རྫོང་དང་གྲོང་ཁྱེར། ཆུས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཙོ་གཞིའི་འགན་འཁྲི་ནན་དཀྲི་བྱེད་ཆེད།    མཚོ་སྔོན་ཞིང་ཆེན་གྱིས་བཞུར་རྒྱུད་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བའི་ལག་བསྟར་ཇུས་གཞི་བཏོན་ནས་ཁ་གསབ་གཞི་ཁྱོན་མཐོར་འདེགས་གཏོང་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་།    ཞིང་ཆེན་དང་གྲོང་ཁྱེར།  རྫོང་།  ཆུས་བཅས་ཀྱིས་མཉམ་དུ་མ་དངུལ་སྒོར་དུང་ཕྱུར་བཞི་གྲབས་གསོག་བྱས་ནས་འཕར་ཚད་བརྒྱ་ཆའི་སོ་གསུམ་ལ་སླེབས་ཤིང་།    བཟང་བོར་བྱ་དགའ་སྟེར་བ་དང་ངན་པར་ཆད་པ་གཅོད་པའི་བཀོད་འདོམས་དབྱུག་པ་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བཞུར་རྒྱུད་ཀྱི་སྟོད་སྨད་བར་གསུམ་གྱིས་སྲུང་སྐྱོབ་ཆེན་པོ་མཉམ་དུ་འཛིན་པ་དང་བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་།

ཇུས་གཞི་ལས་གཙོ་གནད་ས་ཁོངས་ནས་ཞིང་ཆེན་ཡོངས་ལ་ཁྱབ་པའི་ཐོལ་བརྒལ་གསར་པ་ཐོག་མར་མངོན་འགྱུར་བྱས།  གཞུང་ཕྱོགས་དང་འཕྲེད་ཕྱོགས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་སྟོད་སྨད་རྒྱུད་དང་གཡས་གཡོན་འགྲམ་གཉིས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་མཉམ་འབྲེལ་རང་བཞིན་ལ་གཅིག་གྱུར་འཆར་འགོད་དང་ཕན་ཚུན་ལྟ་རྟོག་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར།  ཆུས་བཅས་ཞེ་ལྔ་ལ་ཁྱབ་པའི་གཞུང་ཕྱོགས་ཁ་གསབ་རྐྱེན་སྲོལ་བཙུགས་པ་དང་།    རྫོང་དང་གྲོང་ཁྱེར། ཆུས་བཅས་སོ་དགུའི་བར་འཕྲེད་ཕྱོགས་ཀྱི་ཁ་གསབ་རྐྱེན་སྲོལ་ཐོག་མར་བཙུགས།

ཇུས་གཞི་ལས་བཞུར་རྒྱུད་གཙོ་བོའི་སྐྱེ་ཁམས་བྱེད་ནུས་ངེས་གནས་དང་འཕེལ་རྒྱས་དངོས་ལ་རྐང་བཙུགས་ནས་སྟོད་སྨད་རྒྱུད་ས་ཁུལ་གྱིས་ཕྱོགས་རྐྱང་ཁ་གསབ་ནས་ཕྱོགས་གཉིས་ལ་བསྐྱོད་པའི་ཚུལ་སྒྱུར་མངོན་འགྱུར་བྱས། གཞུང་ཕྱོགས་ཁ་གསབ་ཐད་ནས་ཆུའི་ཁོར་ཡུག་སྤུས་ཚད་ལགས་བཅོས་དང་ཆུ་ཁུངས་སྐྱིལ་གསོག་བྱེད་ནུས་མཐོར་འདེགས་གཏོང་བ།   ཆུའི་ཐོན་ཁུངས་ཕྱོགས་བསྡུས་དོ་དམ་སོགས་དམིགས་ཚད་གཙོ་བོ་དེ8∶1∶1བསྡུར་ཚད་ལྟར་ཞིབ་རྩིས་མ་ལག་ཁྲོད་བཞག་པར་མ་ཟད།       དཔྱད་ཞིབ་དམིགས་ཚད་སྔར་ལས་ཇེ་ཞིབ་ཏུ་བཏང་ནས་ཆུ་སྤུས་དམིགས་ཚད་ལ་སླེབས་པའི་རྨང་གཞིའི་སྟེང་ཆུ་སྤུས་འགྱུར་ལྡོག་དམིགས་ཚད་དང་བཙོག་ཆུ་གཙང་སེལ་བཟོ་གྲྭ་སོགས་ཀྱི་དམིགས་ཚད་གསར་དུ་བསྣན་ལ།     ནགས་ཚལ་དང་བརླན་ས། རྩྭ་ཐང་བཅས་ཀྱི་རྒྱ་ཁྱོན་གྱི་རྨང་གཞིའི་སྟེང་རྒྱ་ཁྱོན་འགྱུར་ལྡོག་གི་དམིགས་ཚད་གསར་དུ་བསྣན་པ་དང་། ཁ་གསབ་ཚད་གཞི་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་བྱས་རྗེས་འཇོག་ཚད་མཉམ་འདྲེས་ཟབ་མོ་ཡོང་བ་མངོན་འགྱུར་བྱས།

འཕྲེད་ཕྱོགས་ཀྱི་ཁ་གསབ་ཐད་ནས།  འབྲི་ཆུ་དང་རྨ་ཆུ།   རྫ་ཆུ་བཅས་ཀྱི་ཆུ་ལག་གི་རྫོང་ཁོངས་བརྒལ་བའི་ཆུ་སྤུས་ཀྱི་ལིན་སོགས་སྦགས་བཙོག་དངོས་པོ་གཙོ་བོ་གསུམ་གྱི་གར་ཚད་དམིགས་ཚད་ཀྱི་ལོ་རེའི་ཆ་སྙོམས་ཀྱི་འགྱུར་ལྡོག་ཚད་དེ་ཁ་གསབ་གསལ་ཁྲིའི་གཞི་འཛིན་ས་རུ་བརྩིས།

རྫོང་དང་གྲོང་ཁྱེར། ཆུས་བཅས་བར་གྱི་འཕྲེད་ཕྱོགས་ཁ་གསབ་མ་དངུལ་དུས་ལྟར་སྤྲོད་པར་འགན་སྲུང་བྱེད་ཆེད།    ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་གཅིག་གྱུར་གཞུང་ཕྱོགས་ཁ་གསབ་མ་དངུལ་བགོ་བཤའ་བྱས་རྗེས།    བཅད་ངོས་ཀྱི་ཆུ་སྤུས་འགྱུར་ལྡོག་གི་ཚད་གཞི་ལྟར་སྟོད་སྨད་རྒྱུད་ཀྱི་འཕྲེད་ཕྱོགས་ཁ་གསབ་མ་དངུལ་གཅིག་གྱུར་སྒོས་རྩིས་གསལ་བོར་བརྒྱབ་པ་དང་།   སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར་བཞི་གྲབས་གསོག་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ཐད་ཕན་འབྲས་ཆེན་པོ་བླངས།

ལྷ་མོ་ཚེ་རིང་གིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།