ན་གོར་མོ་གྲོང་ཁྱེར་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་རྫོང་སྟོབས་ལྡན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱ་ཡུལ་དུ་བདམས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ1པའི་ཚེས16ཉིན། ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་དཔེ་སྟོན་གསར་འཛུགས་བྱ་ཡུལ་གྱི་མིང་ཐོ་ཡོངས་བསྒྲགས་བྱེད་པའི་དུས་ཡུན་མཇུག་བསྒྲིལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར“རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་རྫོང་སྟོབས་ལྡན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་འཛུགས་སྐྱོང་བྱ་ཡུལ་”དུ་བདེ་བླག་ངང་བདམས་ཡོད་ཅིང་། དེ་ནི་མཚོ་སྔོན་ཞིང་ཆེན་ལ་མཚོན་ནས་བཤད་ན་སྐོར་ཐེངས་འདིར་བདམས་པའི་ས་ཁུལ་གཅིག་པུ་རུ་གྱུར་ཡོད་ལ། གྲོང་ཁྱེར་དེའི་ཤེས་བྱའི་བདག་དབང་ལས་དོན་དེ་རྒྱལ་ཁབ་རིམ་པའི་དཔེ་སྟོན་གསར་འཛུགས་ཀྱི་དུས་རིམ་གསར་པར་སླེབས་པ་མཚོན་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ། ན་གོར་མོ་གྲོང་ཁྱེར་གྱིས་ཤེས་བྱའི་བདག་དབང་གསར་གཏོད་དང་བེད་སྤྱོད་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།  2024ལོའི་ལོ་མཇུག་བར་དུ། གྲོང་ཁྱེར་ཡོངས་ལ་ནུས་ལྡན་གྱི་ཆེད་ཁེ 1727ཡོད་པའི་ནང་གསར་གཏོད་ཀྱི་ཆེད་ཁེ224ཡོད་པ་དང་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཆེད་ཁེ46ཡོད། ཁེ་ལས་ཀྱི་སྤུས་རྟགས་སྟོབས་ཤུགས་འབུར་དུ་ཐོན་ཞིང་།  “ཚྭ་ཟམ”རྟགས་ཅན་གྱི་ལུའུ་ཅཱ་ཡི་ལོ་རེའི་ཕྱིར་ཚོང་བྱེད་ཚད་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་ལ་སླེབས་ཡོད་པ་དང་། གཞན་ཡང་ཙང་ཀི་གཏེར་ལས་དང་ཁུ་ནུ་རི་བོའི་གཏེར་ཆུ་སོགས་ཚོང་རྟགས་སྤུས་རྟགས4ཡི་ལོ་རེའི་ཕྱིར་ཚོང་བྱེད་ཚད་སྒོར་ཐེར་འབུམ་གཅིག་ལས་བརྒལ་ཏེ།། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་སྤུས་རྟགས་ཀྱི་ལེགས་ཆ་མངོན་གསལ་ཅན་གྲུབ་ཡོད།

ན་གོར་མོ་གྲོང་ཁྱེར་ལ་ཤེས་བྱའི་བདག་དབང་གི་ཐད་ནས“གཅིག་མཐའི་སྤྱི་ལེ་གཅིག”བསྒྱུར་རྒྱུའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2022ལོར་ཞིང་ལས་དངུལ་ཁང་ན་གོར་མོ་ཡན་ལག་དངུལ་ཁང་གིས་མཚོ་སྔོན་ཆི་ཏི་ནུས་གཙང་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིས་མཚོ་ནུབ་ཁུལ་གྱི་ཤེས་བྱའི་བདག་དབང་གི་གཏའ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཐོག་མར་སྤྲད་དེ། ཤེས་བྱའི་བདག་དབང་ལ་བརྟེན་ནས་དངུལ་རྩའི་རྒྱབ་སྐྱོར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་ཞིག་བཏོད། དུས་མཚུངས་སུ། མཚོ་སྔོན་གྱི་ལིས་ལས་རིགས་དང་ཚྭ་མཚེའུ་བཟོ་ལས་སོགས་གཙོ་གནད་ཁེ་ལས་མང་པོ་ཞིག་གིས་ཆེད་ཁེ་མང་འདུས་ཐོན་རྫས་ཐོ་འགོད་ལེགས་འགྲུབ་བྱུང་བ་དང་། ཆེད་ཁེ་ཐོན་ལས་ཅན་གྱི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་ཕྱིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།