
ཡུས་ཧྲུའུ་ནོར་གནག་རུ་ཁག་ཧུའུ་ནན་ཞིང་ཆེན་ཡུང་ཀྲུའུ་གྲོང་དུ་འབྱོར་བ།
2026ལོའིCMGམང་ཚོགས་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ཧུའུ་ནན་ཞིང་ཆེན་ཡུང་ཀྲུའུ་གྲོང་ཁྱེར་དུ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད། མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་འཐུས་ཚབ་རུ་ཁག་ཡིན་པའི་ངོས་ནས། ཡུས་ཧྲུའུ་ནོར་གནག་རུ་ཁག་གིས་ཟླ1པོའི་ཚེས20ཉིན་གྱི་དགོང་མོའི་ཆུ་ཚོད7དང་སྐར་མ35སྟེང་ཐོག་མའི་འགྲན་བསྡུར་གྱི་མགོ་རྩོམ་རྒྱུ་རེད།
2026ལོའིCMGམང་ཚོགས་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ནི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་གཙོ་སྒྲུབ་བྱས་པའི། རྒྱལ་ཡོངས་རང་བཞིན་གྱི་མང་ཚོགས་ལུས་རྩལ་འགྲན་བསྡུར་ཞིག་ཡིན། ཧྲུའུ་ནན་དང་ཀོང་ཏུང་། ལེའོ་ཉིང་། ཧའེ་ལུང་ཅང་། མཚོ་སྔོན། ནང་སོག་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་ཨང་དང་པོའི་རུ་ཁག་ཡོང་ཡོད་ལ། དུས་ཡུན་ཉིན་བདུན་རིང་ཁྱོན་བསྡོམས་འགྲན་བསྡུར་ཐེངས་དགུ་སྤེལ་ཡོད། འགྲན་བསྡུར་བཀོད་སྒྲིག་ལྟར་ན། འགྲན་ཞུགས་རུ་ཁག་དྲུག་པོ་དེ་ཚོ་ཆང་ཀ་བ་དང་ཁ་བ་གཉིས་སུ་བགར་ཡོད་པ་དང་། སྔོན་ལ་ཚན་ཆུང་ནང་ནས་སྐོར་འགྲན་བྱེད་པ་དང་། དེ་ནས་ཚོ་ཆུང་གཉིས་ཀྱིས་སྣོལ་འགྲན་བྱས་ཏེ་མཇུག་མཐའི་ཨང་རིམ་བཀར་ཡོད། རྒྱན་ལེན་པའི་ཐབས་ལ་བརྟེན་ནས་ཚོ་ཆུང་བགར་ཡོད་ལ། མཚོ་སྔོན་ཡུས་ཧྲུའུ་ནོར་གནག་རུ་ཁག་དང་ནང་སོག་ཧུའུ་ཧོ་ཧའོ་ཐེ་རུ་ཁག ཀང་ཏུང་ཀྲན་ཅང་རུ་ཁག་བཅས་ཚོ་ཆུང་ཀ་བ་ཡིན་ལ། ཡུས་ཧྲུའུ་ནོར་གནག་རུ་ཁག་གིས་ཟླ1པོའི་ཚེས20ཉིན་གྱི་དགོང་མོའི་ཆུ་ཚོད7དང་སྐར་མ35དང་། ཟླ1པོའ་ཚེས22ཉིན་གྱི་ཉིན་གུང་ཆུ་ཚོད་གཅིག་གི་སྟེང་སྔ་རྗེས་སུ་ཚོ་ཆུང་ནང་གི་རུ་ཁག་གཉིས་ལ་འགྲན་བསྡུར་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་ནོར་གནག་རུ་ཁག་ལ་འགྲན་བསྡུར་གཙོ་སྒྲུབ་ཚོགས་པའི་གདན་ཞུ་འབྱོར་རྗེས། འགྲན་བསྡུར་ལ་གྲ་སྒྲིག་གང་ལེགས་བྱས་པ་རེད། ཟླ1པོའི་ཚེས17ཉིན། རུ་ཁག་ཧུའུ་ནན་ཡུང་ཀྲུའུ་རུ་འབྱོར་བ་དང་འགྲན་བསྡུར་སྔོན་གྱི་སྦྱོར་བརྡར་བྱེད་མགོ་བརྩམས། མཚོ་སྔོན་མང་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་འཐུས་ཚབ་པ་ཡིན་པའི་ངོས་ནས། ཡུས་ཧྲུའུ་ནོར་གནག་རུ་ཁག་གིས་བསྟུད་མར་ལོ་གཉིས་ལ“མཛེས་པའི་མཚོ་སྔོན། མཐོ་སྒང་གི་རྐང་གྲུག”ཅེས་པའི་རིམ་འདས་མཉམ་འབྲེལ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་ཡོད། “མཛེས་པའི་མཚོ་སྔོན། མཐོ་སྒང་གི་རྐང་གྲུག”ཅེས་པའི་རིམ་འདས་མཉམ་འབྲེལ་འགྲན་བསྡུར་ནི“ཧྲུའུ་ནན་ཞིང་ཆེན་གྱི་རིམ་འདས་འགྲན་བསྡུར”དང་། ཧྲན་ཏུང་ཞིང་ཆེན་གྱི“ཆིས་ལིའུ་རིམ་འདས་མཉམ་འབྲེལ་འགྲན་བསྡུར།”“ཧའེ་ལུང་ཅང་རིམ་འདས་མཉམ་འབྲེལ་འགྲན་བསྡུར།”“ནང་སོག་གི་རིམ་འདས་མཉམ་འབྲེལ་འགྲན་བསྡུར།”ད་དུང་ཀོང་ཏུང་གི་མངའ་ཁུལ་རང་བཞིན་གྱི་འགྲན་བསྡུར་བཅས་དང་འདྲ་བར། ཆེད་ལས་ཀྱི་ལུས་རྩལ་རུ་ཁག་མིན་ནའང་། ས་ཁུལ་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།