ཐུན་རིན་གྲོང་ཁྱེར་གྱི་ཐོན་རྫས་མང་པོ་ཁྲིན་ཏུའུ་རུ་ཕྱིར་འཚོང་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1ཚེས16ཉིན།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ལྟེ་གནས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་རུ་སྒོ་ཕྱེས།    ཕྱིར་འཚོང་ལྟེ་གནས་དེ་ཁྲིན་ཏུའུ་རུ་སྒོ་ཕྱེས་པ་ནི་ཐུན་རིན་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་ལྷད་མེད་འཕེལ་རྒྱས་གཏོང་སྟངས་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཡིན་ལ།   མཐོ་སྒང་གི་སྤུས་ལེགས་ཐོན་རྫས་ཞིང་ཆེན་གཞན་དུ་ཕྱིར་འཚོང་བྱེད་པར་ཕན་ཐོགས་ཡོད་པར་མ་ཟད།   རེབ་གོང་རིག་གནས་སྔར་ལས་བརྒྱུད་སྒྲོག་བྱེད་པ་དང་ས་ཁུལ་གཉིས་ཀྱི་ཐོན་ལས་ཀྱི་མཐུན་སྦྱོར་རོགས་ལས་གཏིང་ཟབ་ཏུ་སྤེལ་བ།   ཐོན་རྫས་ཕྱིར་འཚོང་འབྲེལ་ཟམ་བརྟན་པོར་འཛུགས་པ་བཅས་ལ་ཕན་ཐོགས་ཡོད།  

ཐུན་རིན་གྲོང་ཁྱེར་ཀྲུང་ཧྭའི་ཆུ་གཏེར་གྱི་སྐྱེ་ཁམས་འགོག་ར་གཙོ་བོར་གནས་པ་དང་།   མཁའ་དབུགས་གཙང་ཞིང་ས་རྒྱ་ཆེ་ལ། ཆུ་མོ་དྭངས།   གནས་དེའི་ལྷད་མེད་རྩྭ་རས་སྤུས་ལེགས་ཕྱུགས་ཟོག་མང་པོ་གསོ་སྐྱོང་བྱེད་བཞིན་ཡོད་ལ།   རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་དང་པོ་རོང་བོ་དགུ་ཆུ་ཡིས་འཛམ་གླིང་གི་ཆང་བ་ལིའི་འདེབས་འཛུགས་རྟེན་གཞི་ཆེ་ཤོས་གསོ་སྐྱོང་བྱེད་བཞིན་ཡོད་པར་མ་ཟད།   ཐུན་རིན་གྱི་ནས་སོགས་ཐོན་རྫས་ལྔ་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་ཐོབ་ཡོད་ལ།  ཐོན་རྫས་དེ་དག་ནི་ས་གནས་དེས་སྐྱེ་ཁམས་སྔོན་ལ་འགྲོ་བའི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བསྲུང་བའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཡིན།

བྱ་འགུལ་གྱི་ཡུལ་དངོས་སུ་མི་ཚོགས་ཀྱི་འདུ་ལོང་རྒོད་ཅིང་།  འགྲེམ་སྟོན་ཁུལ་དུ་སྟ་རུའི་བཏུང་ཆུ་དང་སྐམ་ཤ།   ཆང་བ་ལིའི་བཏུང་ཆུ་སོགས་ཐུན་རིན་གྱི་ཁྱད་ལྡན་ཐོན་རྫས་བརྒྱ་དང་ཉི་ཤུ་བཤམས་ཡོད།    དེའི་སྐབས་སུ།   ས་ཁུལ་གཉིས་ཀྱི་འགོ་ཁྲིད་པས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་མུ་ཕྲེང་ཡོངས་ཀྱི་མཉམ་ལས་དང་ཟོང་རྟགས་མཉམ་འཛུགས།    ཁྲོམ་ར་རྒྱ་བསྐྱེད་སོགས་ལ་དམིགས་ནས་བརྗེ་རེས་ཟབ་མོ་བྱས་ཏེ་ཐུན་མོང་གི་ངོས་འཛིན་མང་པོ་གྲུབ་པར་བྱས་ནས་རྗེས་ཕྱོགས་ཀྱི་མཐུན་སྦྱོར་རོགས་ལས་ཐད་ཁ་ཕྱོགས་གསལ་བོ་བསྟན།   སི་ཁྲོན་དུ་ཡོད་པའི་མཚོ་སྔོན་གྱི་ཡུལ་མི་རྣམས་འགྲེམ་སྟོན་ལྟེ་གནས་སུ་ཡོང་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ཉོས་ཏེ་འགུལ་སྐྱོད་དངོས་ལ་བརྟེན་ནས་ཐུན་རིན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

ཉེ་བའི་ལོ་འགའི་རིང་།    ཐུན་རིན་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་ཉེར་བཞི་ལ་སྐུལ་འདེད་ནན་མོ་བཏང་བ་དང་ཁུལ་ཁོངས་ཡོངས་སུ་ལྷད་མེད་སྐྱེ་ལྡན་འདེབས་གསོ་བྱེད་སྟངས་ཁྱབ་གདལ་དུ་བཏང་ལ།   ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་གྱི་གཞི་རྩ་སྲ་བརྟན་དུ་བཏང་ནས་རང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཁྲོམ་ར་སྔར་ལས་ཆེན་པོར་ཕྱིར་འཚོང་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

ཐུན་རིན་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།   ཁྲིན་ཏུའུ་སི་ཁྲོན་དང་ཁྲུང་ཆིན་གྱི་དཔལ་འབྱོར་ཚོགས་པའི་གྲོང་ཁྱེར་གཙོ་བོ་དང་།   ལྷོ་ནུབ་ས་ཁུལ་གྱི་ཉོ་ཚོང་གི་འབྲེལ་ཟམ་ལྟ་བུ་ཡིན་ཞིང་།  ཚོང་ལས་མཉམ་ལས་ཀྱི་གོ་སྐབས་ཆེན་པོ་ཡོད་པས་ཐུན་རིན་གྲོང་ཁྱེར་གྱིས་ཐོན་རྫས་སྤུས་ཚད་ལ་ཚོད་འཛིན་ནན་མོ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་གྱི་ཟོང་རྟགས་མང་པོ་བསྐྲུན་ངེས།

ལྷ་མོ་ཚེ་རིང་གིས་བསྒྱུར།