
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་སྡེ་ཁག་གིས་དྲིན་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་གཙོར་འཛིན་བཅས་ཀྱི་ཁྲིད་ཕྱོགས་གསལ་བོ་སྲུང་འཛིན་བྱས་ཤིང་། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་། ཚད་མཐའ་སྲུང་བ། རྨང་གཞི་སྲ་བརྟན། ནུས་པ་མཐོར་འདེགས་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་དཀའ་ཁག་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་དགུ་དང་སྟོང་གསུམ་བརྒྱད་བརྒྱར་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བཞི་ས་ཡ་དྲུག་བྱིན་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དྲོད་ཁོལ་ལྡན་པའི་རང་མདངས་བསྣན།
མཚོ་བྱང་དམངས་སྲིད་ཀྱིས་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་རྒན་གསོའི་ཞབས་ཞུའི་མི་འདང་ས་ཁ་གསབ་བྱས་ནས། གོང་རིམ་གྱི་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་དྲུག་དང་ཁྲི་དགུ་བརྩོན་ལེན་བྱས་ཏེ་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་གསར་སྐྲུན་དང་བསྒྱུར་བཀོད་བྱས་ཤིང་། ཁུལ་ཡོངས་ཀྱིས་རྒན་གསོའི་ལས་ཁུངས་དང་སྒྲིག་ཆས་བརྒྱ་དང་ང་ལྔ་བཀོད་སྒྲིག་བྱས། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་ལྷག་བཏང་ནས་རྒན་རྒོན་གྱི་བདེ་སྐྱིད་ཟ་ཁང་བརྒྱ་དང་ང་གཅིག་འཛུགས་སྐྲུན་བྱས་པ་དང་། ཁྱོན་བསྡོམས་མི་ཐེངས་འབུམ་བདུན་དང་ཁྲི་གཉིས་སྟོང་གཅིག་ལ་ཞབས་འདེགས་ཞུས། ལོ་ན་མཐོ་ཤོས་དང་གློ་བུར་གནོད་འཚེ་སོགས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་བཏང་སྟེ། རྒན་རྒོན་མི་ཐེངས་ཁྲི་གསུམ་དང་སྟོང་གཅིག་ལ་ཕན་ཐོགས་པར་བྱས། ཁུལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ཆ་འཕྲིན་སྟེགས་བུ་བསྐྲུན་པ་དང་། རྒན་རྒོན་ལ་ཟ་མ་ལྡུད་པ་དང་། ཁྲུས་བྱེད་པ། གཙང་སྦྲ་བྱེད་པ་སོགས་ཀྱི་ཞབས་ཞུ་བྱས་ནས། དམིགས་བསལ་གྱི་དཀའ་ཁག་ཡོད་པའི་རྒན་རྒོན་གྱི་དགོས་མཁོ་ཐག་གཅོད་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།
རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རྒུད་སྐྱོབ་མ་ལག་བཙུགས་ནས། མཁར་གྲོང་གི་དམའ་སྲུང་ཚད་གཞི་དེ2020ལོའི་མི་རེར་ཟླ་རེར་སྒོར633དང་ལོ་རེར་སྒོར4800ནས་མི་རེརེ་ཟླ་རེར་སྒོར765དང་ལོ་རེར་སྒོར6168རུ་ཇེ་མཐོར་བཏང་ཡོད་ལ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་དགུ་དང་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་ལྔ་འཕར་ཡོད། ཕྱོགས་ཡོངས་ནས་དམའ་སྲུང་མཐའ་སྐྱོར་ཁྱིམ་ཚང་དང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གཏན་འཁེལ་བྱས་ཤིང་། གནས་སྐབས་རྒུད་སྐྱོབ་སྤྱོད་དམིགས་དངུལ་གྱི་ལམ་ལུགས་བཙུགས་ཏེ། ཕྱོགས་ཡོངས་ལ་ཁེབས་པ་དང་། རིམ་དབྱེ་རིགས་དབྱེ། ཕྱོགས་བསྡུས་ནུས་མཐོ་བཅས་ཀྱི་སྤྱི་ཚོགས་རྒུད་སྐྱོབ་རྣམ་པ་ཆགས་ཡོད། གཞི་གྲངས་ཆེན་མོའི་དཔྱད་བསྡུར་དང་གྲལ་བཤེར་ནན་མོ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་དམ་པོར་བསྲུངས་ཡོད།
དཀའ་ཁག་ཡོད་པའི་བྱིས་པའི་ཕན་བདེའི་འགན་སྲུང་ལ་ཤུགས་བསྣན་ནས། དྭ་ཕྲུག་དང་གཉོར་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་ཚད་གཞི་དེ2020ལོའི་མི་རེར་ཟླ་རེར་སྒོར960ནས་མི་རེར་ཟླ་རེར་སྒོར1148རུ་ཇེ་མཐོར་བཏང་བ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་དང་བསྡུར་ན་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་དྲུག་གིས་འཕར་སྣོན་བྱུང་ཡོད། བྱིས་པར་གྲལ་བཤེར་ཆེན་མོ་བྱེད་པའི་འགུལ་སྐྱོད་རིགས་བཅུ་ཏན་ཏིག་གིས་སྤེལ་བ་དང་། ཁྱོན་བསྡོམས་དཀའ་ཁག་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་གསུམ་དང་ཁྲི་བདུན་སྟོང་དྲུག་དང་བརྒྱད་བརྒྱ་སྤྲད། དེ་དང་མཉམ་དུ། ཚད་གཞི་མཐོ་བའི་སྒོ་ནས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱི་གཉེན་སྒྲིག་ཐོ་འགོད་ཁང་དང་གཉེན་ཐོར་འདུམ་འགྲིག་ཁང་། གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་ཁང་། ཡིག་ཚགས་ཁང་། ཐོ་འགོད་ལ་སྒུག་སའི་ཚོམས་ཆེན། དཔང་ཡིག་སྤྲོད་སའི་ཚོམས་ཆེན་བཅས་འཛུགས་སྐྲུན་བྱས་ཏེ། རྫོང་བཞིའི་ཕྱོགས་ཡོངས་ལ་ཁེབས་པར་བྱས། ནུས་ཤུགས་ཡོད་རྒུས་དུར་འཇུག་དོ་དམ་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། ཕྱོགས་ཡོངས་ནས་གཞི་རྩའི་དུར་འཇུག་ཞབས་ཞུའི་རིན་མེད་ལམ་ལུགས་ཁག་དྲུག་དངོས་འབེབས་བྱས་ཏེ། ཁྱོན་བསྡོམས་སྐྱེ་ཁམས་བྱ་དགའི་ཁ་གསབ་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཅིག་ཁྲི་བཞི་དང་སྟོང་བདུན་བྱིན།
ལྷ་མོ་འཚོས་བསྒྱུར།