མཚོ་སྔོན་གྱི་ཚོང་གཉེར་ཁྱིམ་ཚང་གི་ཁ་གྲངས་འབུམ་དྲུག་ཁྲི་གཉིས་སྟོང་གཅིག་ལྔ་བརྒྱ་རུ་སླེབས་ཡོད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1ཚེས20ཉིན། གསར་འགོད་པས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་ཞེས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཆེད་དོན་ཚོགས་ར་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁྱིམ་ཚང་གི་ཁ་གྲངས་འབུམ་དྲུག་ཁྲི་གཉིས་སྟོང་གཅིག་ལྔ་བརྒྱ་རུ་སླེབས་ཡོད་ལ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་མཇུག་དང་བསྡུར་ན་བཞི་ཆའི་གཅིག་འཕར་ཡོད།

ཞིང་ཆེན་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་རྒྱལ་ཁབ་དང་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བདེ་བླག་ངང་སྔར་ལས་གསོན་ཤུགས་ཡོད་པ་དང་སྔར་ལས་དྲང་བདེན་ཡིན་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་སྲུང་ཡོལ་སྲ་བརྟན་དུ་བཏང་ཡོད་པས། དམིགས་འབེན་ལས་འགན་ཁག་སོ་སོ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པར་མ་ཟད། ཚོང་གཉེར་ཁོར་ཡུག་དང་ཚོང་གཉེར་ཁྱིམ་ཚང་གི་འཕེལ་རྒྱས་སྤུས་ཚད་ཀྱི“ལེགས་བསྒྱུར་གཉིས”མངོན་འགྱུར་བྱས་ཡོད། མཚོ་སྔོན་གྱིས་ཚོང་གཉེར་ཁྱིམ་ཚང་གི་གསོན་ཤུགས་འཕེལ་བར་དམིགས་ཏེ། ལོ་ལྔ་བོའི་རིང“འཛིན་དཔང་དབྱེ་ཕྲལ”གྱི་བཅོས་སྒྱུར་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ་དང་། ཁྲོམ་རར་བཀྲམ་ཆོག་པའི་ལྡོག་ཕྱོགས་གསལ་ཐོ་དོན་འཁྱོལ་ནན་མོ་བྱས་ཏེ། ཤུགས་ཆེན་པོས་ཚོང་གཉེར་ཁྱིམ་ཚང་གི་ཐོ་འགོད་ནས་རྩིས་མེད་བར་གྱི་འཁོར་ཡུན་ཧྲིལ་བོའི་ལས་དོན་ལས་ཕྱོད་མཐོ་བའི་སྒོ་ནས་སྒྲུབ་པར་སྐུལ་འདེད་བཏང་སྟེ། ཁེ་ལས་ཐོ་འགོད་ཀྱི་ལས་སྒྲུབ་དུས་ཡུན་ཇེ་ཐུང་དུ་བཏང་ནས་ཉིན་གཉིས་ལ་བསྒྱུར་ཡོད།

སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཕྱོགས་ནས། མཚོ་སྔོན་གྱིས་གནད་ལ་ཁེལ་བའི་སྲིད་ཇུས་བཏོན་ཏེ་རིགས་སོ་སོའི་ཚོང་གཉེར་ཁྱིམ་ཚང་གི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་པ་དང་། དམངས་གཉེར་ཁེ་ལས་དང་སྒེར་གྱི་ཚོང་ཁང་གི་འཕེལ་རྒྱས་ལ་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ། རྣམ་པ་དབྱེ་བ་དང་རིགས་བགར་ནས་གནད་ལ་ཁེལ་བའི་རོགས་སྐྱོར་བྱས་ཡོད་ལ། ཡུལ་དངོས་ནས་དགོས་མཁོ་དང་ཐབས་ཇུས་འདྲི་བའི་བཞུགས་མོར་ཚོགས་བསྡུ་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་དངུལ་བསྡུའི་ཡུན་ཕན་ལམ་ལུགས་འཛུགས་པ། སྲིད་དོན་ཁྲིམས་བསྟར་གྱི་ཞིབ་བཤེར་ཚད་ལྡན་དུ་གཏོང་བ། ཤེས་བྱའི་བདག་དབང་དང་ཚོང་ལས་ཀྱི་གསང་བར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་བཅས་བྱས་ཏེ། རིགས་སོ་སོའི་ཚོང་གཉེར་ཁྱིམ་ཚང་གི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས་ཡོད།

སྒྲོལ་མ་འཚོས་བསྒྱུར།