
ཟླ1ཚེས13ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ཡུས་ཧྲུའུ་ཁུལ་གྱིས་བྱེད་ཐབས་ལྔ་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་འགོག་ར་སྲ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཕན་ནུས་དང་དམངས་འཚོའི་བདེ་སྐྱིད་མཐུན་སྦྱོར་སྒོས་མཐོར་འདེགས་བཏང་ནས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལག་ལེན་གྱི་དཔེ་སྟོན་འདོན་སྤྲོད་བྱ་རྒྱུ་རེད།
ནང་རྒྱས་རྣམ་པའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པ་དང་སྤྱི་གླིང་མཉམ་འཛུགས་མཉམ་སྤྱོད་སྒྲིག་གཞིའི་རྐྱེན་སྲོལ་འཛུགས་པ། རྣམ་སྲས་དང་གཡུ་འབྲུག་ལྷ་རྩེ་སྐྱེ་ཁམས་ཉམས་ལེན་དམིགས་འཁྲོལ་བདག་གཉེར་ལས་གཞི་བཟང་བོར་བསྒྲུབ་པ་སོགས་བྱས་ནས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སྟེགས་བུའི་ཆ་འཕྲིན་མཉམ་འབྲེལ་མཉམ་སྤྱོད་མངོན་འགྱུར་བྱེད་དགོས། ཟོང་རྟགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་བ་དང་། རྒྱུན་མཐུད་ངང་རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་སོགས་རྒྱལ་མཚོན་མིང་ཅན་གྱི་སྐྱེ་ཁམས་ཟོང་རྟགས་ཀྱི་ཕན་ནུས་དང་རིན་ཐང་མངོན་པར་བྱས་ནས་སང་ལོར་རྫོང་གཉིས་ལྷག་གིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་དང་རི་བོ་གཉིས་ཀྱི་ལག་ལེན་གསར་གཏོད་རྟེན་གཞི་བདེ་བླག་ངང་འཛུགས་སྐྲུན་བྱེད་རྒྱུ་བརྩོན་ལེན་བྱེད་དགོས། ཐོན་རྫས་ཀྱི་རིན་ཐང་ཚུལ་སྒྱུར་ལ་བརྟེན་ནས་སྐྱེ་ཁམས་ཕན་འབྲས་ཇེ་དྲག་ཏུ་གཏོང་བ་དང་། མཐོ་སྒང་གི་སྐྱེ་ཁམས་ཐོན་རྫས་རིན་ཐང་དང་མཐུན་པའི་ཞིབ་རྩིས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་པ། སྐྱེ་ཁམས་དང་ཁྱད་ལྡན་ཐོན་ལས་མཉམ་བསྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ། གཙང་བོའི་འབྱུང་ཡུལ་མཉམ་བཅོས་ཀྱི་ཁུལ་ཁོངས་གཙོ་བོའི་སྐྱེ་ཁམས་སྤྱི་བའི་ཟོང་རྟགས་བསྐྲུན་པ། སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་བྱེད་སྟངས་འཚོལ་ཞིབ་བཅས་བྱས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཆེ་ཤོས་མངོན་འགྱུར་བྱེད་དགོས། ལྗང་མདོག་ཐཱན་ཉུང་ལ་བརྟེན་ནས་ཐོན་སྐྱེད་འཚོ་བའི་རྣམ་པ་ཚུལ་སྒྱུར་ལ་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཁབ་ཀྱི་རྩྭ་ཐང་གི་ཐཱན་འདུས་ཚོད་ལྟའི་ས་ཁུལ་བསྐྲུན་པ། ཐཱན་མེད་དང་དག་གཙང་དྲོད་འདོན་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་དང་རླུང་། འོད་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་། རིག་ནུས་གློག་དྲ་དང་གློག་དྲ་ཆུང་ངུའི་འཛུགས་སྐྲུན་སོགས་དག་གཙང་ནུས་ཁུངས་ལས་གཞིར་འཆར་འགོད་དང་ལག་བསྟར་བཅས་བྱས་ནས་སྐྱེ་ཁམས་ཐོན་ཁུངས་དང་དག་གཙང་ནུས་ཁུངས་ཀྱི་ཕན་ནུས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོར་བརྟེན་ནས་སྐྱེ་ཁམས་མ་ལག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁུང་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་། འགྱིག་ཤོག་བཀོལ་བ་འགོག་པ་དང་བེད་མེད་དངོས་པོ་ཇེ་ཉུང་དུ་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་བ། སྤྱིའི་མ་དངུལ་སྒོར་དུང་ཕྱུར་བརྒྱད་ལྷག་བརྩོན་ལེན་བྱས་ནས་རྫ་ཆུ་དང་འབྲི་ཆུའི་བཞུར་རྒྱུད་སོགས་ཀྱི་རི་ཆུའི་བཟོ་སྐྲུན་ལག་བསྟར་བྱེད་པ་སོགས་བྱས་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཐོན་ལས་གླིང་ཞིང་ཆེན་ཡོངས་ཀྱི་གད་སྙིགས་བཅོས་སྐྱོང་གི་དཔེ་མཚོན་དུ་བསྐྲུན་ཏེ་ཁུལ་ཁོངས་ཡོངས་ཀྱི་བཅོས་སྒྱུར་ཕན་འབྲས་མཐོར་འདེགས་གཏོང་དགོས།
ཨ་བརྟན་རྒྱལ་གྱིས་བསྒྱུར།