མཚོ་སྔོན་གྱིས་རྫུན་བཟོས་ཚོང་རྫས་མེད་པར་བཟོས་པའི་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་ལས་བརྒལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1ཚེས20ཉིན། གསར་འགོད་པས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་ཞེས་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཆེད་དོན་ཚོགས་ར་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་དུ་བཏང་བ་དང་། འདྲ་མཉམ་འགྲན་རྩོད་ཀྱི་ཞིབ་བཤེར་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བསྟར། འཛད་སྤྱོད་འགན་སྲུང་སོགས་ཀྱི་ཐད་ལ་བསྟུད་མར་ནུས་ཤུགས་བཏོན་ནས། ཁྱོན་བསྡོམས་དབང་གནོད་རྫུན་བཟོས་ཚོང་རྫས་མེད་པར་བཟོས་པའི་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་ལས་བརྒལ་ཞིང་། ཁྲོམ་རའི་འགྲན་རྩོད་སྔར་ལས་འདྲ་མཉམ་དང་འཛད་སྤྱོད་ཁོར་ཡུག་སྔར་ལས་ལེགས་པའི་དམིགས་འབེན་གཙོ་བོ་གཉིས་མངོན་འགྱུར་བྱུང་།

ལོ་ངོ་ལྔའི་རིང་། མཚོ་སྔོན་གྱིས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པ་དེ་ཁྲིད་སྟོན་དུ་བྱས་ནས། འདྲ་མཉམ་འགྲན་རྩོད་ཞིབ་བཤེར་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། སྲིད་ཇུས་བྱེད་ཐབས་སྟོང་གསུམ་དང་བརྒྱ་དང་དྲུག་ཅུ་ཞིབ་བཤེར་བྱས་ལ། སྲིད་ཇུས་བྱེད་ཐབས་གཙོ་བོ་ཉིས་བརྒྱ་དང་ཞེ་གཅིག་མཉམ་བཤེར་བྱས་ཏེ། རིགས་མི་འདྲ་བའི་ཚོང་གཉེར་བྱེད་པོ་དག་འདྲ་མཉམ་གྱིས་ཁྲོམ་རའི་འགྲན་རྩོད་ཁྲོད་ཞུགས་པར་འགན་སྲུང་ནུས་ལྡན་བྱས།

ཁྲིམས་བསྟར་དག་སྒྲིག་བྱེད་ཐབས་སྤྱད་དེ། ཁྲོམ་རའི་སྒྲིག་སྲོལ་བསྟུད་མར་ཚད་ལྡན་དུ་བཏང་། དྲ་རྒྱའི་ཉོ་ཚོང་དང་རྫུན་མའི་དྲིལ་སྒྲོག ཁྲིམས་འགལ་ཚོང་འཕྲིན། དབང་གནོད་རྫུན་བཟོ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ལྟ་སྲུང་དང་བྱེད་ཐབས། གཙང་སེལ་སོགས་ཀྱི་ཁྲིམས་བསྟར་ཚོང་རྟགས་བསྟུད་མར་བསྐྲུན་པ་དང་། གྱོད་དོན་ཁྲི་གཅིག་དང་སྟོང་དགུ་ལྔ་བརྒྱ་ཐག་གཅོད་བྱས་ཏེ། དབང་གནོད་རྫུན་བཟོས་ཚོང་རྫས་མེད་པར་བཟོས་པའི་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་ལས་བརྒལ་ཡོད།

འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་འགོ་བརྩམས་པ་དང་། སྡེ་ཁག་མང་པོ་མཉམ་འབྲེལ་གྱིས་ཁྲིམས་ལྟར་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་བསམ་ངན་ཞུ་གཏུག་བྱ་སྤྱོད་ཐག་གཅོད་པའི་བྱ་བའི་ཁྲིད་སྟོན་བྱེད་ཐབས་བཏོན་ཞིང་། ཡུལ་དངོས་སུ་རྒྱུ་རྐྱེན་མེད་པར་ཚོང་རྫས་ཕྱིར་སློག་པའི་གྲོས་འགོ་བཏོན་ནས། གཞི་ཁྱོན་རང་བཞིན་གྱི་ཚོང་ཁང་བརྒྱ་དང་ཉེར་བདུན་གྱིས་ཡུལ་དངོས་ནས་ཉིན་བདུན་གྱི་རིང་རྒྱུ་རྐྱེན་མེད་པར་ཚོང་རྫས་ཕྱིར་སློག་ཐུབ་པ་ཡོངས་བསྒྲགས་ཀྱིས་ཁས་ལེན་པར་མཛུབ་སྟོན་བྱས། ལོ་ངོ་ལྔའི་རིང་ལ། འཛད་སྤྱོད་ཞུ་གཏུག་གྱོད་དོན་འབུམ་གཉིས་དང་ཁྲི་དྲུག་སྟོང་ལྔ་དང་བདུན་བརྒྱ་བདག་སྤྲོད་ཐག་གཅོད་བྱས་ཏེ། འཛད་སྤྱོད་པའི་དཔལ་འབྱོར་གྱི་གྱོད་གུད་སྒོར་བྱེ་བ་བརྒྱད་དང་ས་ཡ་དྲུག་འབུམ་བདུན་དང་ཁྲི་བརྒྱད་སྟོང་གསུམ་དང་དགུ་བརྒྱ་སེལ་ཐབས་བྱས།

ཨ་བརྟན་རྒྱལ་གྱིས་བསྒྱུར།