
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་མོས་མཐུན་བྱུང་བ་བརྒྱུད། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྐོར་བཤེར་བྱ་བ2026ལོའི་ཟླ1ཚེས19ཉིན་ནས་ཟླ2ཚེས6ཉིན་བར་ཁྱོན་ཡོངས་ནས་སྤེལ་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་སྐོར་བཤེར་ནི་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི《བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་བཤེར་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྐོར་བཤེར་བྱ་བའི་ལག་བསྟར་ཇུས་གཞི》ཡི་བླང་བྱ་གཟབ་ནན་ངང་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཐེངས་དང་པོར་ཞིང་ཆེན་ཏང་ཨུའི་མིང་ཐོག་ནས་རྩ་འཛུགས་བྱས་ཏེ་སྤེལ་བའི་ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་སྐོར་བཤེར་རེད། འདིའི་དམིགས་ཡུལ་ནི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་བྱ་བར་རྒྱུན་མཐུད་ངང་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་དོན་རྐྱེན་ཆེན་པོ་དང་ཤིན་ཏུ་ཆེན་པོ་ལ་མཐའ་གཅིག་ཏུ་འགོག་ཟོན་བྱ་རྒྱུ་དེ་རེད།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་ཞུགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་སྣེ་ཁྲིད་པའི་ཞིང་ཆེན་ཏང་ཨུའི་བདེ་འཇགས་ཐོན་སྐྱེད་སྐོར་བཤེར་ཚན་ཆུང6གྲོང་ཁྱེར་དང་ཁུལ་སོ་སོ་དང་དེ་བཞིན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་ཞུགས་ལས་ཁུངས12སུ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་ནས། 2025ལོའི་ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་བཤེར་སྤེལ་རྒྱུ་རེད། སྐོར་བཤེར་ལས“ནན་བཤེར་ལྔའི”བླང་བྱ་གཙོ་གནད་དུ་ཁ་གསལ་བྱས་པ་སྟེ། ཏང་སྲིད་འགོ་ཁྲིད་ལས་བྱེད་པས་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ཀྱི་གནས་ཚུལ་ལ་ནན་བཤེར་དང་། འབྲེལ་ཡོད་སྡེ་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་བསྒྲུབས་ཚུལ་ལ་ནན་བཤེར། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་ཚུལ་ལ་ནན་བཤེར་དང་། ལོ་འདིར་དོན་རྐྱེན་ཅུང་ཆེན་པོ་དང་སྤྱིར་བཏང་གི་དོན་རྐྱེན་བྱུང་བ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པའི་ལས་རིགས་ཀྱི་ཁྱབ་ཁོངས་ལ་ནན་བཤེར་དང་། མང་ཚོགས་ཀྱི་བསམ་འཆར་དང་ལས་བཟོ་པའི་སྙན་ཞུའི་གནད་དོན་གལ་ཆེན་དང་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་ལ་ནན་བཤེར་བྱེད་རྒྱུ་རེད། དེ་དང་ཆབས་ཅིག《2025ལོའི་གྲོང་ཁྱེར་དང་ཁུལ་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་ཞུགས་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་བཤེར་གཙོ་གནད》དང་ས་ཁུལ་གྱི་དོན་དངོས་ལྟར་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་བདམས་ནས་མངོན་བཤེར་ལྐོག་ཞིབ་སྤེལ་བ་དང་། གནད་དོན་དང་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་ལ་དམིགས་ནས་ལས་འགན་བསྒྲུབས་པའི་གནས་ཚུལ་ལ་ལྡོག་བཤེར་དང་། ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་ཀྱི་སྐོར་བཤེར་ཕྱིར་ལྡོག་གི་གནད་དོན་དང་མངོན་མེད་རྐྱེན་ངན་གཅིག་ཤེས་ཀུན་གྲོལ་གྱིས་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ལེབ་བཤེར་བྱས་ནས། གྲོང་ཁྱེར་དང་ཁུལ་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ཤེས་པའི་གནད་དོན་དེ་འབྲེལ་ཡོད་ཁོངས་ཞུགས་ལས་ཁུངས་ལ་ཁུངས་འདེད་བྱས་ནས་གོང་ནས་འོག་ཏུ་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
སྐོར་ཞིབ་ལས་གཙོ་བོ་སྙན་ཞུར་ཉན་པ་དང་བཞུགས་མོལ་བློ་འདྲི། མང་ཚོགས་ཀྱིས་བསམ་འཆར་བཏོན་པ་དང་ལས་བཟོ་པས་སྙན་ཞུ་ཕུལ་བའི་གནད་དོན་དང་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་དང་ལེན་བྱེད་པ། མངོན་བཤེར་ལྐོག་ཞིབ་དང་གཙོ་གནད་དཔྱད་གཞི་ལ་ལྟ་འཐེན། དུས་བཅད་གྲོས་མོལ། རེ་འགར་གླེང་མོལ། ཆེད་མཁས་པས་མཛུབ་སྟོན་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐོར་བཤེར་གྲོང་ཁྱེར་དང་ཁུལ་གྱི་ལས་རིགས་ཁྱད་ཆོས་དང་བྱ་བ་དངོས་ཀྱི་དགོས་མཁོར་གཞིགས་ནས། འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཆེད་མཁས་སྐོང་འཐེན་བྱས་ནས་སྐོར་བཤེར་བྱ་བར་ཟབ་ཞུགས་བྱེད་པ་དང་། ཆེད་ལས་རང་བཞིན་ཆེ་རུ་བཏང་ནས་གནད་དོན་དང་མངོན་མེད་རྐྱེན་ངན་ཤེས་རྟོགས་ནུས་པ་མཐོ་རུ་གཏོང་བར་འདེགས་སྐྱོར་བྱེད་རྒྱུ་རེད།
བཅའ་སྡོད་བྱེད་རིང་སྐོར་བཤེར་ཚན་ཆུང་གིས་མང་ཚོགས་ཀྱི་བསམ་འཆར་དང་ལས་བཟོ་པའི་སྙན་ཞུའི་གནད་དོན་དང་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་ཡོངས་བསྒྲགས་དང་ལེན་བྱེད་པ་དང་། དང་ལེན་བྱེད་པའི་ཁྱབ་ཁོངས་ནང་གཙོ་བོ་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་མངོན་མེད་རྐྱེན་ངན། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་སོགས་ཚུད་ཡོད་པ་དང་། དུས་མཚུངས་སུ་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་ཡུལ་དངོས་དང་པོའི་ལས་བྱེད་པ་དང་ལས་བཟོ་པས་བསམ་འཆར་བཏོན་པའི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་བྱས་པའི་ཐད་གནས་པའི་གནད་དོན་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་གྲོས་གཞི་དང་ལེན་བྱེད་པ་བཅས་འདུ།