ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་བསྐྲུན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

“ལོ་ལྔའི་རིང་། ཁྱོན་སྡོམ་ཡུལ་སྐོར་བ་ས་ཡ་ལྔ་དང་འབུམ་བརྒྱད་ཁྲི་དགུ་སྣེ་ལེན་བྱས་ཏེ། ཡུལ་སྐོར་ལྗོངས་རྒྱུའི་ཡོང་འབབ་སྒོར་ཐེར་འབུམ་གསུམ་དུང་ཕྱུར་དགུ་མངོན་འགྱུར་བྱས། སྔ་རྗེས་སུ‘2025ལོའི་གཟུགས་འདས་ཤུག་བཞག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་མཚོན’དང‘2025ལོའི་ཀྲུང་གོའི་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་འགྲན་བསྡུར་གྱི་བྱ་དགའི་དངུལ།’‘ངེས་པར་དུ་འགྲོ་དགོས་པའི་གྲོང་ཁྱེར100’སོགས་ཀྱི་བྱ་དགའ་ཐོབ་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ལ་སྟོབས་ལྡན་གྱི་འཕེལ་རྒྱས་རྣམ་པ་མངོན་ཡོད།”ཟླ1པོའི་ཚེས11ཉིན། ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུན་བཟང་རིག་འཛིན་གྱིས་དེ་ལྟར་ངོ་སྤྲོད་བྱས།

ལོ་ལྔའི་འཆར་འགོས་བཅུ་བཞི་བའི་སྐབས་སུ། ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། རྒྱུན་མཐུད་ངང་སྐྱེ་ཁམས་དང་མི་ཆོས་རིག་གནས་མཉམ་འདྲེས་ཟབ་སྤེལ་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་དང་སྤུས་ཚད་གཉིས་མཐོར་འདེགས་གཏོང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། བདེ་བླག་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་གྱིས《ཡུས་ཧྲུའུ་གྲོང་ཁྱེར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཚུགས་གཙོ་འདེམ་ཁུལ་གྱི་གཟེངས་བསྟོད་བྱེད་ཐབས་ཁག་བཅུ་གཉིས》ཞེས་པ་བཏོན་པ་དང་།  ཆེད་དོན་གཟེངས་བསྟོད་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་གཏན་ཁེལ་བྱས་ཏེ། ཁྲོམ་རའི་ཚོང་ཁང་གསོ་སྐྱོང་དང་ལས་སྒྲུབ་མི་སྣ་མཐོར་འདེགས་གཏོང་བ། ལས་རྣམ་གསར་བའི་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱས། དུས་སྟོན་གྱི་ཟུང་རྟགས་བསྐྲུན་ནས། བདེ་བླག་ངང“འབྲི་ཆུའི་རིག་གནས་སྒྱུ་རྩལ་དུས་ཆེན”དང“ཡུས་ཧྲུའུ་རྟ་རྒྱུག་དུས་ཆེན”སོགས་ཁྱད་ལྡན་བྱ་འགུལ91སྤེལ་ཡོད།

མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་དྲུག་བཏང་ནས་འབྲི་ཆུའི་བཞུར་རྒྱུན་གྱི་ལེབ་ཁོག་ནས་རྒྱ་བཟའ་གུང་ཇོའི་ལྷ་ཁང་གི་ཡུལ་སྐོར་ལམ་ཐིག་བསྐྲུན་པ་དང་། “སྐྱེ་དགུའི་ཡུལ་ལྗོངས་བཅུ”“རི་གཅིག་དང་མཚོ་བཞི”ཡི་སྐོར་ལམ་འཁོར་རྒྱུག་ལེགས་བསྒྱུར་བྱས་ཤིང་། “རིག་གཞུང་དཔྱད་ཞིབ”དང“སྐྱེ་ཁམས་ཁམས་གསོ” སོགས་ལམ་ཐིག་གཙོ་བོ་བཀོད་སྒྲིག་བྱས་ཡོད།  མ་དངུལ་དུང་ཕྱུར་གཉིས་ལྷག་བསྡུ་རུབ་བྱས་ཏེ་དཀྱིལ་སྙིང་ས་ཁུལ་བསྒྱུར་བཀོད་བྱས་ཏེ། སྡེ་ཁུལ་བཅོས་སྐྱོང་དང་ལྗོངས་གཟིགས་སྦྲེལ་ཟམ། རིག་ནུས་ལམ་ཐིག  གྲོང་གསེབ་ས་ཚིགས་བཅས་ཀྱི་འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད། “ཡུས་ཧྲུའུ་ཞིན་ཐེན་ཏེས”དཀྱིལ་སྙིང་ཚོང་དོན་ཁུལ་འགྲུབ་ཚར་བ་དང་། ནོར་གནག་ཐང་ཆེན་དང་གེ་སར་ཐང་ཆེན་གྱི་མཚན་ཁྲོམ་ལས་རྣམ་མཐོར་འདེགས་བཏང་ཡོད། གྲོང་ཁྱེར་གྱི་ལྗང་བསྒྱུར་སྤུས་ཀ་མཐོར་འདེགས་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ནས་སྡོང་ཕྲུག་རྐང་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་སྟོང་བརྒྱད་བཙུགས་ཏེ། སྲང་ལམ་རེར་ལྗོངས་རྣམ་གཅིག་གི་ལྗང་བསྒྱུར་རྣམ་པ་གྲུབ་ཡོད། མ་དངུལ་སྒོར་ས་ཡ་དགུ་འབུམ་དགུ་ཁྲི་བདུན་བཏང་ནས་གྲོང་ཁྱེར་དང་གནམ་གྲུའི་ཐང་གི་ལམ་ཐིག་ལྗང་བསྒྱུར་ལེགས་བསྒྱུར་བྱས་ཏེ། རྒྱུན་མཐུད་ངང་གྲོང་ཁྱེར་གྱི་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཁོར་ཡུག་ལེགས་བཅོས་བྱས་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།