
ཟླ1པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ན་གོར་མོ་ཞིང་ལས་གསར་སྦོལ་སྡེ་ཚོགས་ཚྭ་འདམ་འཕང་འབྲས་ཀྱི་ཧྭ་ནན་གཉེར་སྐྱོང་ལྟེ་གནས་ཀོང་ཀྲོའུ་རུ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས། སྤྱི་ལེ3000ལས་བརྒལ་བའི་ཐོན་ལས་སྒྲིག་གཤོམ་འདིས་མཚོ་བོད་མཐོ་སྒང་གི་སྐྱེ་ལྡན་ཞིང་ལས་ཐོན་རྫས་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་པོའི་ཁྲོམ་རའི་བར་དུ་ཐད་ཀར་སྦྲེལ་མཐུད་བྱེད་པའི་ཟམ་པ་བསྐྲུན་པ་དེས། ན་གོར་མོ་གྲོང་ཁྱེར་གྱི“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཁུངས”འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མངོན་པར་མཚོན་ཐུབ།
རྒྱལ་ཁབ་རིམ་པའི་ཞིང་ལས་གཙོ་གནད་སྣེ་ཁྲིད་ཁེ་ལས་ཤིག་ཡིན་པའི་ན་གོར་མོ་ཞིང་ལས་གསར་སྦོལ་སྡེ་ཚོགས་ཀྱིས་ལོ་མང་རིང་འཕང་འབྲས་ཐོན་ལས་གཞི་ཁྱོན་ཆེན་པོའི་ངང་རྨོ་འདེབས་བྱས་ནས། སྤྱི་ཆིང3800ཡི་ལྟེ་བའི་འདེབས་འཛུགས་རྟེན་གཞི་བསྐྲུན་ཡོད། རྟེན་གཞི་དེ་ཚྭ་འདམ་གཤོང་སའི་ས་བབ་མཐོ་ཚད་སྨི2700ཡན་གྱི་ས་ཁོངས་སུ་རྩ་བ་བརྟན་པོར་ཚུགས་ཡོད་ཅིང་། ཉི་འོད་རྒྱག་ཡུན་ཧ་ཅང་རིང་བ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་སོགས་ཀྱི་དམིགས་བསལ་ཆ་རྐྱེན་གྱི་དབང་གིས། གནས་དེ་གའི་འཕང་འབྲས་ལ་མངར་ཆའི་གྲུབ་ཆ་མང་བ་དང་། ཧོང་ཐུང་སོགས་འཚོ་བཅུད་གྲུབ་ཆའི་འདུས་ཚད་དེ་སྤྱིར་བཏང་གི་ཐོན་ཁུལ་ལས་ཆེས་ཆེར་བརྒལ་ནས། “འཕང་འབྲས་ཆེ་བ་དང་མདོག་དམར་ཞིང་བམ་མཐུག་པ། བྲོ་བ་མངར་ཞིང་སྙིགས་རོ་མེད་པ”བཅས་ཀྱི་ཁྱད་ཆོས་གྲུབ་ཡོད། སྦྲེལ་ཐག་ཡོངས་ཀྱི་དོ་དམ་ཚོད་འཛིན་ལ་བརྟེན་ནས། དེའི་ཐོན་རྫས་ལ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གཉིས་ཀྱི་སྐྱེ་ལྡན་ཁས་ལེན་ཐོབ་པ་དང་། ཨེ་ཤེ་ཡ་ཤར་ལྷོ་ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་ཕྱིར་གཏོང་བྱས་ཏེ། མཐོ་སྒང་གི་སྐྱེ་ཁམས་དཔལ་འབྱོར་བསྒྱུར་བའི་མ་དཔེ་ཞིག་ཏུ་གྱུར་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།