པེ་ཅིང་ཞེ་ཧོ་སྨན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང13བར་རྒྱང་བསྟེན་གསོ་རིག་མཉམ་ལས་ཀྱི་གན་རྒྱ་བཞག
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

​ཟླ1ཚེས23ཉིན། པེ་ཅིང་ཞེ་ཧོ་སྨན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་སྨན་ཁང13བར་པེ་ཅིང་དུ་རྒྱང་བསྟེན་གསོ་རིག་མཉམ་ལས་རོགས་སྐྱོར་གྱི་གྲོས་ཡིག་ལ་གན་རྒྱ་བཞག     ད་ཐེངས་ཀྱི་གན་རྒྱ་འཇོག་པ་ནི་པེ་ཅིང་དུ་བཅའ་སྡོད་བྱས་པའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དོན་གཅོད་ཁྲུའུ་ཡིས་པེ་ཅིང་དུ་བཅའ་སྡོད་བྱས་པའི་སྦྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།     “བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ”དང“སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མཁོ་སྤྲོད་རྒྱ་ཆེར་གཏོང་རྒྱུའི”བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་དངོས་སྒྲུབ་བྱེད་ཐབས་ཤིག་ཡིན་ལ། པེ་ཅིང་དང་མཚོ་སྔོན་ས་གནས་གཉིས་ཀྱི་སྨན་བཅོས་འབྲེལ་གཏུག་རྒྱུན་ལྡན་ཅན་དུ་འགྱུར་བ་དང་།   “སྦྲེལ་དྲ་དང་མཉམ་འབྲེལ”གྱི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ནུས་པ་སྩོལ་བའི་གསར་གཏོད་འཚོལ་ཞིབ་དང་ལག་ལེན་ལ་སྔར་ལས་སྐུལ་འདེད་བཏང་སྟེ།    རྒྱལ་སའི་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་ས་ཁོངས་ལས་བརྒལ་བའི་སྨན་བཅོས་མཉམ་ལས་འཛུགས་རྒྱུར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིངས།    

གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ཟི་ལིང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་པོ་དང་མཚོ་ཤར་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་པོ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཀྲུང་ལུགས་སྨན་ཁང་སོགས་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་སྨན་ཁང13དེ་པེ་ཅིང་ཞེ་ཧོ་སྨན་ཁང་གི“སྦྲེལ་དྲ་དང་སྨན་བཅོས་འབྲེལ་ཚོགས་དང་མཉམ་འབྲེལ”གྱི་ཁོངས་ཞུགས་ལས་ཁུངས་སུ་གྱུར་པའི་རྨང་གཞིའི་ཐོག སྨན་ཁང་རང་གི་ཁྱད་ཆོས་ལྡན་པའི་ཚན་ཁག་འཛུགས་སྐྲུན་གྱི་དགོས་མཁོར་ཟུང་འབྲེལ་བྱས་ཏེ། པེ་ཅིང་ཞེ་ཧོ་སྨན་ཁང་དང་པེ་ཅིང་ཁྲའོ་དབྱང་སྨན་ཁང་། པེ་ཅིང་བྱིས་པའི་སྨན་ཁང་སོགས་ག་གསུམ་སྨན་ཁང་གྲགས་ཅན་བར་ཁྱད་ཆོས་ལྡན་པའི་ཚན་ཁག་གི་རོགས་སྐྲུན་འདོད་བློ་བཞག་པ་རེད།  སླད་ཕྱིན་པེ་ཅིང་ཞེ་ཧོ་སྨན་ཁང་གིས་ཁོངས་ཞུགས་ལས་ཁུངས་དང་ཕྱོགས་ཡོངས་ཀྱི་དྲ་ཐོག་སྨན་བཅོས་མཉམ་ལས་བྱེད་སྟངས་ཆགས་པར་བྱས་ནས་དྲ་ཐོག་གི་སྨན་བཅོས་སྟེགས་བུར་བརྟེན་ནས།    ནད་ཐོག་པར་རིས་མཉམ་སྤྱོད་དང་རྒྱང་བསྟེན་བརྙན་རིས་ཚོགས་འདུ། སྒྲིག་ཆས་རྒྱང་བསྟེན་མཉམ་འབྲེལ་བཅས་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག་ཁོངས་ཞུགས་ལས་ཁུངས་ལ་རྒྱང་བསྟེན་ནད་ཐོག་མཉམ་བཤེར་དང་།     ནད་ལུགས་མཉམ་བཤེར།     འདྲ་བརྙན་མཉམ་བཤེར།     དྲ་ཐོག་སློབ་ཁྲིད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། གཞི་རིམ་སྨན་བཅོས་ལས་ཁུངས་ལ་ཕྱོགས་ཡོངས་ནས་སྨན་བཅོས་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱ་རྒྱུ་རེད།    

རྒྱང་བསྟེན་སྨན་བཅོས་མཉམ་ལས་སྟེགས་བུ་བཙུགས་པ་དེས་མང་ཚོགས་ཀྱིས་ཞིང་ཆེན་ནས་རྒྱལ་ཁབ་རིམ་པའི་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་དང་།     གཞི་གྲངས“མཉམ་སྤྱོད་མང་པོ”དང་མང་ཚོགས་ཀྱི“འགྲོ་འོང་ཉུང་བ”དངོས་སུ་མངོན་འགྱུར་བྱས་ཏེ།     ཡུལ་གཞན་སྨན་བཅོས་བྱེད་པའི་དུས་ཚོད་དང་དཔལ་འབྱོར་གྱི་མ་རྩ་ནུས་ལྡན་ངང་ཇེ་དམའ་རུ་བཏང་སྟེ།     དམངས་འཚོའི་བདེ་རྩ་ཏན་ཏིག་ངང་ཆེ་རུ་བསྐྱེད།   དེ་དང་ཆབས་ཅིག་རྒྱུན་ལྡན་ཅན་གྱི་མཉམ་ལས་རྐྱེན་སྲོལ་འདིར་བརྟེན་ནས།     ས་གནས་རང་གི་སྨན་བཅོས་ལས་དོན་མི་སྣས་ནད་དཔེར་མཉམ་བཤེར་དང་དྲ་ཐོག་བགྲོ་གླེང་སློབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ།   མདུན་གྲལ་གྱི་བརྟག་བཅོས་ཇུས་གཞི་དང་དོ་དམ་ཚད་གཞི་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ།     ཆེད་ལས་བྱང་ཚད་དང་ལས་སྒོ་ནུས་པ་གང་མགྱོགས་ཆེ་རུ་བཏང་སྟེ།   མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་དེ་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་བྱས་ཏེ།     ས་ཁོངས་ཀྱི་སྨན་བཅོས་ལས་ཁུངས་ཞབས་ཞུའི་ནུས་པ་རིམ་འཇུག་རིམ་སྤར་ལ་སྐུལ་འདེད་བཏང་སྟེ།    གཞི་རིམ་གྱི་སྨན་བཅོས་ནུས་པའི“གཞན་སྐྱོར”ནས“རང་སྐྱོར”གྱི་ཕྱོགས་གཉིས་ལ་ནུས་པ་སྩོལ་བ་དང་དུས་མཉམ་དུ་མཐོ་རུ་གཏོང་བ་མངོན་འགྱུར་བྱུང་། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།