
ཟླ12པའི་ཚེས16ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲུབ་འབྲས་ཀྱི་མུ་འབྲེལ་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་འཕྲོད་བསྟེན་བདེ་ཐང་གི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་རིམ་བཞིན་མཐོར་འདེགས་བྱུང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད2020ལོའི་ལོ73ལྷག་ནས2024ལོའི75ལྷག་ལ་ཇེ་མཐོར་སོང་བ་དང་། སྡོད་དམངས་ཀྱི་བདེ་ཚད་ཆུ་ཚད་བརྒྱ་ཆའི་བཅུ་དྲུག་གྲངས་ཆུང་གསུམ་ལྔ་ནས་བརྒྱ་ཆའི་ཉེར་ལྔ་གྲངས་ཆུང་བཞི་བརྒྱད་ལ་མཐོར་འདེགས་བྱུང་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་བྱས།
མཚོ་སྔོན་གྱིས་བུ་སྐྱེ་གནས་ཚུལ་བཟང་བའི་སྤྱི་ཚོགས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ནས་མི་གྲངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། བུ་བཅོལ་ཞབས་ཞུའི་བྱ་བ་ཧུར་ཐག་གིས་སྤེལ་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་དམིགས་འབེན་ཚད་བརྒལ་ཡོངས་འགྲུབ་བྱས། རང་ཞིང་གིས་རྒྱལ་ཡོངས་ཀྱི་སྔོན་ལ2025ལོའི་བྱིས་སྐྱོང་ཁ་གསབ་མ་དངུལ་སྟེར་བའི་བྱ་བ་སྤེལ་བར་མ་ཟད་ཡོངས་འགྲུབ་བྱས་ཏེ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བཞི་བྱིན་ནས་བྱིས་པ་འབུམ་གཅིག་དང་ཁྲི་བདུན་ལ་ཕན་བཏགས། མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་ནས་ལོ་ལོན་རྒན་པའི་བདེ་ཐང་ལ་ལྟ་རྟོག་བྱེད་པ་དང་རྒན་པའི་གླེན་ནད་འགོག་བཅོས་སྐུལ་འདེད་བྱེད་སྒོ་ལག་བསྟར་བྱས་ནས་རེ་ཞུ་བྱས་པའི་ལོ་རེ་ལྔའི་ཡན་གྱི་ངལ་རྩོལ་ནུས་པ་མེད་པའི་ལོ་ལོན་རྒན་པར་རིན་མེད་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱས་ཏེ་ལོ་ལོན་རྒན་པའི་འཚོ་བའི་སྤུས་ཚད་ནུས་ཡོད་སྒོས་ལེགས་བཅོས་བྱས།
ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་གིས་དག་སྲུང་གསར་གཏོད་ཐད་རྒྱུན་ཆད་མེད་པར་ཐོལ་བརྒལ་བྱུང་ནས་རྒྱུན་འཛིན་འཕེལ་རྒྱས་གྲུབ་འབྲས་སྔར་ལས་མངོན་གསལ་དུ་གྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། རང་ཞིང་གིས་ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་སྟེ། སྔ་གཞུག་ཏུ་རྒྱལ་ཁབ་ཀྲུང་ལུགས་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་ཀྲུང་ལུགས་ཁྱད་ལྡན་སྨན་ཁང་གཙོ་བོ་སོགས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཀྲུང་བོད་ལུགས་སྨན་ཁང་འཛུགས་སྐྲུན་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་། བརྒྱ་ཆའི་བརྒྱ་ཡི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་ཀྲུང་བོད་ལུགས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་ལ། ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཞབས་ཞུའི་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གྱུར།