
ཟླ1པོའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། 《མཚོ་སྔོན་ཞིང་ཆེན་སྲིད་དོན་ལས་རིགས་རང་བཞིན་གྱི་རྒྱལ་ཁབ་རྒྱུ་ནོར་དོ་དམ་བྱེད་ཐབས》ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། 《མཚོ་སྔོན་ཞིང་ཆེན་སྲིད་དོན་ལས་རིགས་རང་བཞིན་གྱི་རྒྱལ་ཁབ་རྒྱུ་ནོར་ཐག་གཅོད་དོ་དོམ་བྱ་ཐབས》གཏན་འབེབས་བཟོས་ཏེ་ཕྱིར་བཏོན། སྲིད་དོན་ལས་རིགས་ཀྱི་རྒྱལ་ཁབ་རྒྱུ་ནོར་ཐག་གཅོད་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་། རྒྱུ་ནོར་གྱི་ལས་རིམ་ཧྲིལ་བོའི་འཁོར་ཡུན་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བཅོས་སྐྱོང་མ་ལག་དང་དེང་རབས་ཅན་གྱི་བཅོས་སྐྱོང་ནུས་པའི་ལམ་ལུགས་ཀྱི་རྩ་བ་སྲ་བརྟན་དུ་བཏང་ཡོད།
《ཐག་གཅོད་དོ་དམ་བྱ་ཐབས》ཀྱིས་རྒྱུ་ནོར་ཐག་གཅོད་ཀྱི་གོ་རིམ་ཧྲིལ་བོའི་དོ་དམ་ཚོད་འཛིན་ལ་དམིགས་ཏེ། “འགན་དབང་ཁ་གསལ་ཡིན་པ་དང་། གོ་རིམ་ཧྲིལ་བོ་ཚད་ལྡན་ཡིན་པ། ཕྱི་གསལ་ནང་གསལ་ཡིན་པ། ལྟ་སྐུལ་དོ་དམ་ནུས་ལྡན་ཡིན་པ”བཅས་ཀྱི་ཐག་གཅོད་དོ་དམ་མ་ལག་བཙུགས་ནས། ཐག་གཅོད་ཁྱབ་ཁོངས་དང་རྩ་དོན་ཁ་གསལ་བོ་བྱས་ཏེ། གཏན་ཁེལ་ལས་བརྒལ་བ་དང་ཕན་ནུས་ཞན་པའི་འཁོར་བསྐྱོད། ཡུན་རིང་བོར་བེད་མེད་དུ་བཞག་པ། ཕྱིར་འབུད་བྱས་པའི་ལག་རྩལ་སོགས་རིགས་དྲུག་གི་རྒྱུ་ནོར་གྱི་ཐག་གཅོད་བྱེད་སྟངས་ལ་དབྱེ་མཚམས་གསལ་བོ་བྱེད་པ། རྒྱུ་ནོར་ཐག་གཅོད་ཀྱི་རེ་ཞུ་དང་ཆོག་མཆན། དཔྱད་འཇོག ཉོ་ཚོང་བཅས་ནས་ཡོང་འབབ་ཀྱི་དོ་དམ་དང་ཡིག་ཚགས་གསོག་ཉར་གྱི་སྦྲེལ་ཐག་ཧྲིལ་བོའི་བཀོལ་སྤྱོད་ཚད་ལྡན་དང་ཞིབ་ཚགས་ཅན་དུ་བཏང་བ་དང་། འོས་འཚམ་གྱིས་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་དང་གཙོ་གཉེར་སྡེ་ཁག ཁོངས་གཏོགས་ལས་ཁུངས་བཅས་ཀྱི་ཐག་གཅོད་ཁེ་དབང་ལ་དབྱེ་མཚམས་བགར་ཏེ། རིམ་པ་སོ་སོའི་ཆོག་མཆན་ལམ་ལུགས་བཙུགས་ཡོད། རྒྱལ་ཁབ་རྒྱུ་ནོར་གྱིས་སྤྱི་བོའི་ཐོན་ཁུངས་ཉོ་ཚོང་སྤྱི་སྟེགས་ལ་བརྟེན་ནས་ཡོངས་བསྒྲགས་ཀྱིས་རིན་གོང་འགྲན་རྩོད་བྱེད་པ་དང་མཐོ་འཚོང་བྱེད་པ་སོགས་ཀྱི་ཁྲོམ་ར་ཅན་གྱི་བྱེད་ཐབས་ཐག་གཅོད་གསལ་བོར་བྱས་ཏེ། རྒྱལ་ཁབ་རྒྱུ་ནོར་གྱི་རིན་ཐང་སྲུང་འཛིན་དང་འཕར་སྣོན་ཆེས་ཆེར་གཏོང་བ་མངོན་འགྱུར་བྱས་ཡོད། རྒྱུ་ནོར་ཐག་གཅོད་ཀྱི་ཁེ་སྤོགས་རྒྱལ་མཛོད་དུ་སྤྲོད་པ་དང་། སྔོན་རྩིས་དོ་དམ་ཁྲོད་འཇུག་པ་གསལ་བོར་བྱེད་པ། དངུལ་གཏོང་དང་ཡོང་འབབ་ཀྱི་ལམ་ཐིག་གཉིས་ལག་བསྟར་ནན་མོ་བྱས་ནས། ཐོག་མ་ནས་ཁེ་སྤོགས་བཀག་ཉར་དང་ཧམ་བཟུང་། སྒེར་གཅོད་བཅས་ཀྱི་བྱ་སྤྱོད་གཏན་འགོག་བྱས་ཡོད།
《ཐག་གཅོད་དོ་དམ་བྱ་ཐབས》ཀྱིས་ད་ཡོད་དོ་དམ་ལམ་ལུགས་ཀྱི་འབྲེལ་མཐུད་མཐུན་སྦྱོར་བྱས། ཕྱོགས་གཅིག་ནས་རྒྱུ་ནོར་དོ་དམ་དང་སྔོན་རྩིས་དོ་དམ་ཀྱི་གཏིང་ཟབ་མཉམ་འདྲེས་ལ་ཆེར་བསྐྱེད་བྱས་ཏེ། རྒྱུ་ནོར་ཐག་གཅོད་དང་གསར་དུ་བསྣན་པའི་རྒྱུ་ནོར་བཀོད་གཏོང་སྔོན་རྩིས་ཀྱི་འབྲེལ་མཐུད་ལམ་ལུགས་བཙུགས་པ་དང་། བེད་མེད་དུ་སྐྱུར་བ་དང་ཆུད་ཟོས་བྱས་པ་ཚབས་ཆེན་ཡིན་པའི་ལས་ཁུངས་ཀྱིས་ཞིབ་བཤེར་ལ་བརྟེན་ནས་གསར་འཕར་རྒྱུ་ནོར་གྱི་སྔོན་རྩིས་བཀོད་གཏོང་ཇེ་དུ་གཏོང་བ། ཐོག་མ་ནས་ཐོན་ཁུངས་ལེགས་བསྒྱུར་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས། སྲིད་གཞུང་གིས་གྲོན་ཆུང་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཡོད། ཕྱོགས་གཞན་ཞིག་ནས། སྙོམས་སྒྲིག་མཉམ་སྤྱོད་ལས་སྟེགས་ཀྱི་དོ་དམ་ལམ་ལུགས་སྦྲེལ་མཐུད་བྱས་ཏེ། ལས་ཆོད་དམའ་བའི་བེད་མེད་རྒྱུ་ནོར་སྔོན་ལ་ལས་སྟེགས་ལ་བརྟེན་ནས་སྙོམས་སྒྲིག་བེད་སྤྱོད་བྱེད་པ་དང་། སྙོམས་སྒྲིག་མངོན་འགྱུར་མ་བྱུང་བ་སླར་ཡང་གཏན་འབེབས་ལྟར་ཐག་གཅོད་བྱས་ཏེ“སྔོན་ལ་སྙོམས་སྒྲིག་བྱེད་པ་དང་གོ་རིམ་ལྡན་པའི་ངང་ཐག་གཅོད་བྱེད་པ”ཡི་ཐོན་ཁུངས་གཅིག་གྱུར་འཆར་འགོད་ངང་བེད་སྤྱོད་བྱེད་པའི་རྣམ་པ་གྲུབ་པར་བྱས་ཡོད། དེ་དང་ཆབས་ཅིག 《ཐག་གཅོད་དོ་དམ་བྱ་ཐབས》ཀྱིས་ད་དུང་ཆ་འཕྲིན་ལག་རྩལ་གྱི་འདེགས་སྐྱོར་བྱེད་པའི་བླང་བྱར་ཤུགས་བསྣན་ཏེ། རྒྱུ་ནོར་ཐག་གཅོད་དོན་ཚན་དྲ་ཐོག་ནས་ཞིབ་བཤེར་བྱེད་པ་དང་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་བྱེད་པར་སྐུལ་འདེད་བཏང་ནས་དོ་དམ་ཞིབ་ཚགས་ཅན་དང་རིག་སྟོབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།
ཞིང་ཆེན་ནོར་སྲིད་ཐིང་གིས་ལས་ཁུངས་སོ་སོས་གསོག་ཉར་རྒྱུ་ནོར་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པར་ཁྲིད་སྟོན་བྱས་ཏེ། རྒྱུ་ནོར་བེད་སྤྱོད་ཀྱི་གསལ་ཐོ་ཆགས་པར་བྱས་ནས། སྙོམས་སྒྲིག་མཉམ་སྤྱོད་དང་ཁྲོམ་ར་ཅན་གྱི་ཐག་གཅོད་སོགས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་རྒྱུ་ནོར་ཐག་གཅོད་ཀྱི་བེད་སྤྱོད་ལ་ཕན་འབྲས་ཐོབ་པར་ནན་ཏན་གྱིས་སྐུལ་འདེད་གཏོང་བ་དང་། སྲིད་དོན་ལས་རིགས་རང་བཞིན་གྱི་རྒྱལ་ཁབ་རྒྱུ་ནོར་དོ་དམ་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྲ་བརྟན་གྱི་ནོར་སྲིད་འགན་སྲུང་འདོན་སྤྲོད་བྱས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།