མཚོ་སྔོན་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ཀྱི་རིག་ལྡན་ཞབས་ཞུའི་རྣམ་པ་རྒྱ་བསྐྱེད་ཡོད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1ཚེས19ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན།      མཚོ་སྔོན་གྱིས་ཚན་རྩལ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་པ་བསྩལ་བ་དང་།     སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ཀྱི་རིག་ལྡན་ཞབས་ཞུའི་རྣམ་པ་རྒྱུན་མཐུད་ངང་རྒྱ་བསྐྱེད་ཡོད།  རབས5པས་ཁྱབ་པ་དང་།     རིག་ལྡན་མ་ལག་འཛུགས་པ།     རིག་ནུས་སྒྲིག་ཆས་རིམ་སྤར་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྲོལ་རྒྱུན་གྱི་མཛེས་ལྗོངས་ཁུལ་དེ་རིག་ལྡན་མཛེས་ལྗོངས་ཁུལ་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་དང་།     སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཡུལ་སྐོར་ཕན་ཚུན་སྐུལ་འདེད་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་བས།     རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།     

2025ལོར་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་རིག་ལྡན་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་ཕྱིན་ནས་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་གཉེར་སྐྱོང་གི་ཕན་འབྲས་བརྟན་བརླིང་ངང་མཐོ་རུ་ཕྱིན་ཏེ། ཐོན་ལས“གནས་བཞིའི”འཛུགས་སྐྲུན་ལ་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ཆོས་བསྩལ་ཡོད།     གནས་ཐང་འཕར་ཁྲལ་བཙོངས་འཛིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན།   2025ལོར་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་འབྲེལ་ཡོད་ཞབས་ཞུ།     དམངས་ཤག་ཞབས་ཞུ།     ཡུལ་སྐོར་ཚོགས་འགྲེམ་ཞབས་ཞུ།     རིག་གནས་ལུས་རྩལ་དང་རོལ་རྩེད།     ཡུལ་སྐོར་ཟ་ཁང་སོགས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་རིགས་གཉེར་སྐྱོང་བྱེད་པོར་འཛིན་ཤོག་སྤྲད་པའི་ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་ལས6.5%འཕར་ནས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་མཉེན་གཤིས་སྟོབས་ཆེན་མངོན་ཡོད།     

དྲ་རྒྱའི་རྨང་གཞི་དང་རིག་ལྡན་ལྟ་སྐུལ་དོ་དམ་གཉིས་མཐོ་རུ་ཕྱིན་ནས་སྐྱེ་ཁམས་ཡུལ་སྐོར་ལ་འགན་སྲུང་བརྟན་པོ་བྱས་ཡོད།     གནས་ཐང་འཕར་ཁྲལ་བཙོངས་འཛིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན།     2025ལོར་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་རིགས་ཀྱིས་ཆ་འཕྲིན་ལག་རྩལ་ཞབས་ཞུ་ཉོ་སྒྲུབ་བྱས་པའི་བཙོངས་འཛིན་གྱི་དངུལ་གྲངས་ན་ནིང་གི་དུས་མཉམ་ལས85.5%འཕར་ཡོད།     མིག་སྔར།     ཞིང་ཆེན་ཡོངས་ཀྱིA3རིམ་པ་ཡན་ཆད་ཀྱི་མཛེས་ལྗོངས་ཁུལ་དུ་རབས5པས་ཡོངས་སུ་ཁྱབ་ཡོད་པ་དང་།     མྱུར་བགྲོད་དྲ་རྒྱས་རིག་ལྡན་ཞབས་ཞུ་ལག་ལེན་བསྟར་རྒྱུར་འདེགས་སྐྱོར་བྱས་ཡོད།    ཨ་ཆེན་གངས་རྒྱབ་གཙོད་གནས་མཚེའུ་དང་ཁུའུ་སའེ་མཚེའུ་སོགས་གཙོ་གནད་ས་ཁོངས་སུ“རབས5པའི་རྒྱང་བསྟེན་བརྙན་རིས་སྐོར་ཞིབ་དང་ཡུལ་དངོས་ལྟ་སྲུང”གི་མཉམ་འདྲེས་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཡུལ་སྐོར་བར་ཕན་ཚུན་སྐུལ་འདེད་གཏོང་བའི་ནུས་ཆོད་ཆེ་རུ་བཏང་ཡོད།     

རིག་ལྡན་ཞབས་ཞུའི་ཐོན་རྫས་རྒྱུན་མཐུད་ངང་གསར་གཏོད་བྱས་ཏེ་ཡུལ་སྐོར་བའི་དགོས་མཁོར་གནད་ལ་འཁེལ་བའི་འབྲེལ་མཐུད་བྱས་ཡོད།     མཚོ་སྔོན་ཞིང་ཆེན་གྱིས་རང་བདག་གསར་སྐྲུན་བྱས་པའི“མཚོ་སྔོན་ཡུལ་སྐོར་གནམ་གཤིས”ཀྱི་རིག་ལྡན་ཞབས་ཞུའི་མ་ལག་གིས་གནམ་གཤིས་ཡུལ་སྐོར་ཞབས་ཞུའི་དཔེ་རྣམ་ཉེར་དྲུག་བཏོན་པ་དང་། སྐོར་ལམ་ཡུལ་སྐོར་ཁྱད་ཆོས་ལ་དམིགས་ནས་ཆེད་གཏོགས་གནམ་གཤིས་ཞབས་ཞུའི་ཟོང་རྟགས་བསྐྲུན་ནས། ཡུལ་སྐོར་བའི་འགྲོ་འོང་འཆར་འགོད་དང་མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་ཡོད།     དཔྱ་ཁྲལ་བསྡུས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།    2025ལོར་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ཞབས་ཞུའི་ལས་རིགས་ལ་འཛིན་ཤོག་སྤྲད་པའི་ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་ལས26.2%འཕར་བ་དང་། རིག་ལྡན་ཞབས་ཞུའི་ཐོན་ལས་ཀྱི་སྐུལ་ཁྲིད་ཕན་ནུས་མངོན་གསལ་དོད་པོ་རེད།     

སྒྲིག་ཆས་རིམ་སྤར་དང་ལག་རྩལ་ནུས་སྩོལ་མཉམ་སྐྱོད་བྱས་ཏེ། མཛེས་ལྗོངས་ཁུལ་རིག་ལྡན་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་ཕྱིན།    ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འབྲེལ་ཡོད་ལས་རིགས་ཀྱིས་རྒྱུན་མཐུད་ངང་སྒྲིག་ཆས་རིམ་སྤར་དང་གསར་སྒྱུར་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས། 2025ལོར་རིམ་རྩིས་བྱས་ན་སྒྲིག་ཆས་ཉོ་སྒྲུབ་བྱས་པའི་དངུལ་གྲངས་ན་ནིང་གི་དུས་མཉམ་ལས8.2%འཕར་བ་དང་།     དེའི་ནང་མི་མེད་གནམ་གྲུ་སོགས་རིག་ནུས་སྒྲིག་ཆས་ཉོ་སྒྲུབ་བྱས་པར་འཛིན་ཤོག་སྤྲད་པའི་དངུལ་གྲངས་ན་ནིང་གི་དུས་མཉམ་ལས13.4%འཕར།     རྨང་གཞི་འདིའི་ཐོག་མཚོ་སྔོན་པོའི་ཡུལ་སྐོར་སྡེ་ཚོགས་དང་།     ཁྲ་འར་ཧན་ཚྭ་མཚོ།     ཧེ་ཏུའུ་ཧྲན་མཛེས་ལྗོངས་ཁུལ་སོགས་གཙོ་གནད་གཉེར་སྐྱོང་བྱེད་པོསAIཡུལ་སྐོར་སྣེ་ཤན་པ་དང་། VRཉམས་ལེན་སོགས་མདུན་གྲལ་ལག་རྩལ་ཧུར་ཐག་ནང་འདྲེན་བྱས་ཏེ་ཡུལ་སྐོར་ཉམས་ལེན་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་བ་དང་། སྲོལ་རྒྱུན་མཛེས་ལྗོངས་ཁུལ་དེ་རིག་ལྡན་མཛེས་ལྗོངས་ཁུལ་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་བའི་གྲངས་འབོར་འཕར་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།   

 མཚོ་མོ་སྐྱིད་ཀྱིས་བསྒྱུར།