
ཉེ་ལམ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་ལངས་གཟུགས་བཀོད་སྒྲིག་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། གྲངས་རིག་ལག་རྩལ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་བ་དང་། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་གྲངས་རིག་གསར་གཏོད་མུ་ཕྲེང་རྒྱུན་བསྲིངས་ཡོད། གནས་ཐང་འཕར་ཁྲལ་བཙོངས་འཛིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོར་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ལོ་ཧྲིལ་པོར་འཛིན་ཤོག་སྤྲད་པའི་ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་ལས0.6%འཕར་ནས། ཐོན་ལས“གནས་བཞིའི”འཛུགས་སྐྲུན་ལ་ལྗང་མདོག་གི་སྒུལ་ནུས་བསྩལ་ཡོད།
ཐོན་ལས་ཁྱབ་ཚུལ་ཐད་ཞིང་ཆེན་ཡོངས་སུ་གློག་རྡུལ་རིམ་པའི་ཤེལ་མང་ཀུའེ་དང་། ཀུའེ་ལེབ། ཉི་ནུས་གློག་གཡིས། ལྷུ་ལག་བཟོ་སྐྲུན། དེ་བཞིན་མ་ལག་ཇུས་འགོད་དང་འདུས་གྲུབ། འོད་བརྟེན་གློག་འདོན་ས་ཚིགས་འཛུགས་སྐྲུན་དང་འཁོར་སྐྱོད་སྲུང་སྐྱོང་བཅས་ཚུད་པའི་འོད་བརྟེན་ཞིབ་འཇུག་གསར་སྤེལ་བཟོ་སྐྲུན་གྱི་ཐོན་ལས་མུ་ཕྲེང་ཆ་ཚང་ཞིག་རིམ་བཞིན་བསྐྲུན་ནས། ཐོན་ལས་འདུས་ཚོགས་ཀྱི་ཕན་ནུས་མངོན་གསལ་དུ་གྱུར་ཡོད། ཁྲལ་བསྡུ་གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ཐོ་འགོད་སྒྲུབ་པའི་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་གཉེར་སྐྱོང་བྱེད་པོ་དེ2024ལོའི་ལོ་མཇུག་དང་བསྡུར་ན17.9%འཕར་ནས་བརྟན་བརླིང་འཕར་སྣོན་གྱི་གནས་བབ་སྲུང་འཛིན་བྱས་ཡོད།
ལག་རྩལ་གསར་གཏོད་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལྟེ་བའི་སྒུལ་ཤུགས་ཡིན། མཚོ་སྔོན་གྱིས་ནུས་ཁུངས་གསར་པའི་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་འགག་རྩའི་ལག་རྩལ་ཐོད་བརྒལ་བྱས་ནས། གཞི་ཁྱོན་ཆེན་པོའི་ཆུ་འོད་གསབ་རེས་དང་། IBCགློག་གཡིས་དང་དེ་བཞིན་ལྷུ་ལག་ཐོན་སྐྱེད་སོགས་ལག་རྩལ་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་ཡོད། ལག་རྩལ་གསར་གཏོད་ཀྱིས་ནུས་ཁུངས་གསར་པའི་ལག་རྩལ་ཁྱབ་གདལ་ལ་སྐུལ་ཁྲིད་བྱས་ནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུས་ཏེ། 2025ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱིས་ཁྲལ་དོན་ཐོ་འགོད་སྒྲུབ་པའི་ནུས་ཁུངས་གསར་པའི་ལག་རྩལ་ཁྱབ་གདལ་ཞབས་ཞུའི་གཉེར་སྐྱོང་བྱེད་པོ་ཁྱིམ་ཚང127ལ་སླེབས་ནས2024ལོའི་ལོ་མཇུག་ལས30.9%འཕར་ཡོད། དུས་མཉམ་དེར་ཁྱབ་ཁོངས་དེའི་འཛིན་ཤོག་སྤྲད་པའི་ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་ལས29.5%འཕར་ནས་ཁྲོམ་རའི་གསོན་ཤུགས་ཅུང་ཆེན་པོ་མངོན་ཡོད།
གྲངས་རིག་གི་ནུས་སྩོལ་འོག ནུས་ཁུངས་གསར་པའི་ཁྱབ་ཁོངས་ཀྱིས་རྩིས་རྒྱག་ནུས་པར་བརྟེན་ནས་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤར་ལ་སྣེ་ཁྲིད་བྱས་པ་དང་། གསར་གཏོད་ཀྱི་སྟེགས་བུ་སྐོར་ཞིག་འགྲོས་ཚད་མྱུར་མོས་འཚར་ལོངས་བྱུང་ཡོད། དེའི་ཁྲོད་མཚོ་སྔོན་གྱིས་རྒྱལ་ནང་གི་གཞི་གྲངས་བསྡུ་རུབ་དང་གསོག་འཇོག ཞབས་ཞུ། གཉེར་སྐྱོང་བཅས་གཞི་གཅིག་ཏུ་འདུས་པའི་ནུས་ཁུངས་གསར་པའི་གཞི་གྲངས་ཆེན་པོའི་གསར་གཏོད་སྟེགས་བུ་ཐོག་མ་བསྐྲུན་པ་དང་། ཁུལ་ལེབ་ཕྲེང་སྦྲེལ་དང་སྤྲིན་རྩིས། གཞི་གྲངས་ཆེན་པོ་སོགས་གྲངས་འཛིན་ཅན་གྱི་ལག་རྩལ་གསར་པར་མཉམ་འདྲེས་གཏིང་ཟབ་བྱས་ནས་ལྗང་གློག་ཁུངས་འདེད་དཔེ་རྣམ་བསྐྲུན་ཏེ། ལྗང་གློག་ཐོན་སྐྱེད་དང་སྐྱེལ་འདྲེན། འཛད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གཞི་གྲངས་ལ་འགུལ་རྣམ་དབྱེ་ཞིབ་བྱས་ཤིང་། ལྗང་གློག་ཁུངས་འདེད་ལ་གཞི་གྲངས་ཀྱི་རྨང་གཞི་བརྟན་པོ་དང་ཆོད་ཆེའི་ལས་སྒོའི་འདེགས་སྐྱོར་འདོན་སྤྲོད་བྱེད་ཐུབ། གྲངས་རིག་ལག་རྩལ་བེད་སྤྱོད་གཏིང་ཟབ་བྱས་པར་བརྟེན་ནས་ལས་སྟེགས་གཉེར་སྐྱོང་ཁེ་ལས་ཀྱི2025ལོར་འཛིན་ཤོག་སྤྲད་པའི་ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་ལས10%འཕར་བ་དང་ཞིང་ཆེན་ཡོངས་ཀྱི་ལྗང་གློག་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་འཛིན་ཤོག་སྤྲད་པའི་ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་ལས་སོ་སོར14.5%དང7.7%འཕར་རྒྱུར་སྐུལ་འདེད་བཏང་།
མཚོ་མོ་སྐྱིད་ཀྱིས་བསྒྱུར།