
ཟླ2ཚེས4ཉིན། ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་འཁུར་མི་སྣས་བཤད་རྒྱུར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མཁའ་དབུགས་ཀྱི་སྤུས་ཚད་བསྟུད་མར་ཇེ་ལེགས་སུ་ཕྱིན་པས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ལ། མཁའ་དབུགས་དང་ཆུ། ས་གཤིས་བཅས་ཀྱི་སྦགས་བཙོག་འགོག་བཅོས་ལ་མཐུན་སྦྱོར་གྱིས་ཤུགས་བཏོན་ནས་ཕན་འབྲས་མངོན་གསལ་བླངས་ཡོད་ཟེར།
ཡུས་ཧྲུའུ་ཁུལ་གྱིས་མཁའ་དབུགས་དང་ཆུ། ས་གཤིས་བཅས་ཀྱི་སྦགས་བཙོག་འགོགབཅོས་ཀྱི་འགག་རྩའི་ལས་རིམ་ལ་དམིགས་ཤིང་། སྡེ་ཁག་མང་པོའི་མཐུན་སྦྱོར་དང་ཁུལ་ཁོངས་བརྒལ་བའི་མཉམ་འགུལ། ཆེད་ལས་ཅན་གྱི་ཇུས་འདོན་བཅས་བརྒྱུད་དེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། ཇེ་ལེགས་སུ་འགྲོ་བ་ལས་ཇེ་ཞན་དུ་འགྲོ་མི་རུང་བའི་ཚད་མཐའ་བརྟན་སྲུང་བྱས།
འགག་གནད་སྔར་ལས་ཐག་གཅོད་བྱེད་ཆེད། ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཡན་ལག་རུ་ཁག་གིས་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་དང་མཉམ་འགུལ་བྱས་ནས་རྡོ་སོལ་བཀོལ་བའི་ཁྲོ་ཐབ་ཞེ་ལྔ་དང་འཕྲུལ་སྒུལ་རླངས་འཁོར་ལྟ་ཞིབ་ཚད་ལེན་བྱེད་པའི་ཀུང་ཟིའི་ཡུལ་དངོས་ཞིབ་བཤེར་ལེགས་འགྲུབ་བྱས་པ་དང་། གནད་དོན་གསལ་ཁྲའི་ལེགས་བཅོས་རྐྱེན་སྲོལ་བཙུགས་ཤིང་། སྤྱི་བདེ་སྡེ་ཁག་དང་མཉམ་འབྲེལ་གྱིས་འཕྲུལ་སྒུལ་རླངས་འཁོར་གྱི་མཇུག་རླངས་གནད་དོན་ལ་ཆེད་དོན་ཁྲིམས་བསྟར་བྱས་ཏེ། CMAལྟ་ཞིབ་ཚད་ལེན་སྙན་ཞུར་བརྟེན་ནས་ཁྲིམས་འགལ་རླངས་འཁོར་གྱི་བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་མངོན་འགྱུར་བྱས། པེ་ཅིང་སོགས་ས་གནས་ཀྱི་ཁོར་སྲུང་ཆེད་མཁས་པ་གདན་ཞུ་བྱས་ནས་ལག་རྩལ་གྱི་རོགས་སྐྱོར་བྱས་པ་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སྡེ་ཁག་དང་ཟུང་འབྲེལ་གྱིས་སྦགས་བཙོག་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་སྤྱད་དེ། ཁུལ་ཁོངས་ཡོངས་ཀྱི་མཁའ་དབུགས་བཅོས་སྐྱོང་མ་ལག་བསྐྲུན། ཆུའི་སྦགས་བཙོག་འགོག་བཅོས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་སྦགས་བཙོག་འགོ་ཁུངས257ལ་གྲལ་བཤེར་བྱས་ནས། འགོ་ཁུངས234ལ་དག་ཐེར་ལེགས་བཅོས་བྱས་ཚར། མི་སྟོང་ཡན་གྱི་ཡུལ་ཚོ་དང་གྲོང་རྡལ་རིམ་པའི་བཏུང་ཆུའི་འགོ་ཁུངས་སོ་གཉིས་ཀྱི་ཆུ་ལེན་པའི་ཆོག་འཐུས་དཔང་ཡིག་སྒྲུབ་པ་དང་སྲུང་སྐྱོབ་ཁུལ་གཏན་འཁེལ་ཡོངས་འགྲུབ་བྱས་ལ། ས་ངོས་ཆུ་དང་བཏུང་ཆུའི་འགོ་ཁུངས་ཀྱི་ཆུ་སྤུས་ཚད་གཞི་བརྒྱ་ཆའི་བརྒྱ་ལ་སླེབས་ཤིང་། གྲོང་ཁྱེར་དང་རྫོང་སོ་སོའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་ཚོད་ཉེར་བཞིའི་ལྟ་རྟོག་སྦྲེལ་མཐུད་ཚད་ཁོངས་ཡོངས་སུ་ཁེབས་ནས། ཆུའི་ཁོར་ཡུག་བདེ་འཇགས་འགོག་ར་བརྟན་པོ་བསྐྲུན། ས་གཤིས་སྦགས་བཙོག་འགོག་བཅོས་ཀྱི་ཕན་འབྲས་མངོན་གསལ་ཡིན་ལ། ཁུལ་གྱི་ཐད་གཏོགས་ལས་ཁུངས་དགུ་ཡིས་མཉམ་འབྲེལ་སྒོས2025ལོ་ནས2027ལོའི་བར་གྱི་སྲ་གཟུགས་སྙིགས་རྫས་ཀྱི་ཆེད་དོན་ལེགས་བཅོས་ཇུས་གཞི་འགྲེམ་སྤེལ་བྱས་པ་དང་། 2025ལོའི་ཟླ8པར་འགོ་བརྩམས་པ་ནས་བཟུང་། ཁུལ་ཁོངས་ཀྱི་མཉམ་འབྲེལ་འགུལ་སྐྱོད་ཐེངས་བཞི་ལ་སྤེལ་ཞིང་། ས་ཚིགས་ཞེ་གཅིག་ལ་གྲལ་བཤེར་བྱས་པ་དང་། ཁྲིམས་འགལ་ས་ཚིགས་གསུམ་ལ་དག་ཐེར་ལེགས་བཅོས་བྱས། གནོད་མེད་གྲོང་ཁྱེར་འཛུགས་སྐྲུན་བསྟུད་མར་ཟབ་སྤེལ་བྱས་པ་དང་། མིག་སྔར་ཁུལ་ཡོངས་ཀྱི་ཞིང་སར་ལྕགས་རིགས་ཀྱི་སྦགས་བཙོག་བཟོས་མེད་ལ། ས་གཤིས་ཁོར་ཡུག་གཙང་དག་ཡིན་པའི་རྣམ་པ་སྲུང་འཛིན་བྱས།
ལྷ་མོ་འཚོས་བསྒྱུར།