
ཟླ1པོའི་ཚེས27ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་སྲིད་གཞུང་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་བཟུང་། མདོ་ལ་རྫོང་གིས“ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། བརྟན་བརླིང་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད”བྱེད་པ་གཙོ་ཐིག་ཏུ་བཟུང་ནས། རྩ་བཅོས་འགག་སྒྲོལ་དང་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཁ་ཟུམ་རྣམ་པའི་དོ་དམ་དང་། ཚན་རྩལ་ནུས་སྐྱེལ། སྤྱི་ཚོགས་བཅོས་སྐྱོང་། གཞི་རིམ་གྱི་རྨང་གཞི་སྲ་བརྟན་གཏོང་བ་བཅས་ཕྱོགས་མང་བོ་ནས་སྟོབས་ཤུགས་བཏོན་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་། རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བདེ་འཇགས་འགོག་ར་སྲ་བརྟན་བཏང་།
མདོ་ལ་རྫོང་གིས་བདེ་འཇགས་ཐོན་སྐྱེད་སྔོན་ལ་འཇོག་པར་བཀོད་སྒྲིག་བྱས་ཏེ། ཆེད་དོན་ཞིབ་འཇུག་ཐེངས་བདུན་དང་ཆེད་དོན་གྲོས་ཚོགས་ཐེངས་ཉི་ཤུ་ལྷག་སྤེལ་བ་དང་། ཇུས་གཞིའི་ཡིག་འཕྲིན་བདུན་ཅུ་ལྷག་དམིགས་གཏད་ཇུས་འདོན་བྱས་ནས། གཏེར་རི་དང་འགྲིམ་འགྲུལ། མེ་ཟོན་སོགས་ཁྱབ་ཁོངས་ཀྱི“འགན་འཁྲི་དང་འགོག་སྲུང་ཚོད་འཛིན། ལེགས་བཅོས”བཅས་མུ་ཕྲེང་ཧྲིལ་བོའི་མ་ལག་བསྐྲུན་ཡོད། བདེ་འཇགས་འགན་འཁྲི་རིམ་པ་བཞིན་ནན་དཀྲི་བྱེད་པ་དང་། ཁྱབ་ཁོངས་ཧྲིལ་བོ་ཁེབས་པར་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་བཏང་ཡོད། ཉེན་ཁ་ཆེ་བའི་ཁྱབ་ཁོངས་ལ་གཞི་བཙུགས་ནས། ཉིན་རྒྱུན་གྱི་སྐོར་ཞིབ་དང་། མཉམ་འབྲེལ་ཁྲིམས་བསྟར། ཆེད་མཁས་པའི་མཉམ་དཔྱད་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཁྱོན་སྡོམ་ལས་ཁུངས400ལྷག་ལ་ཞིབ་བཤེར་བྱས་ཏེ། སྤྱིར་བཏང་གི་མངོན་མེད་རྐྱེན་ངན621འགུལ་རྣམ་གཙང་སེལ་བྱེད་པ་དང་། གལ་ཆེ་བའི་མངོན་མེད་རྐྱེན་ངན22ཡོངས་སུ་གཙང་བཟོ་བྱེད་པ་མངོན་འགྱུར་བྱས། AIརིག་ནུས་ལྟ་འཛིན་བྱེད་པ་དང་། དྲ་ལམ་ལྟ་ཞིབ་ཚད་ལེན་མ་ལག་གཏེར་རིའི་ཁེ་ལས་སུ་དོན་འཁྱོལ་བྱས་ཏེ། ལྟ་སྐུལ་དོ་དམ་དེ་མིའི་ཐབས་ཇུས་ལས་རིགས་སྟོབས་འགོག་སྲུང་དུ་རིམ་འཕར་བྱས།
དེ་དང་མཉམ་དུ། བྱ་དགའ་དང་ཞུ་གཏུག་ལམ་ལུགས་ཀྱི་ལྟ་སྐུལ་རྒྱུད་ལམ་བཙུགས་པ་དང་། ཁེ་ལས་པ91རུ་ནང་ཁུལ་མངོན་མེད་རྐྱེན་ངན་སྙན་ཞུའི་བྱ་དགའི་ལམ་ལུགས་བཙུགས་ཏེ། བྱ་དགའི་དངུལ་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་དོན་འབབ་བྱས་ཏེ་ཁེ་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པར་མ་ཟད། མི་རེ་རེས་བདེ་འཇགས་གླེང་བ་དང་མི་རེ་རེས་འཕྲལ་རྐྱེན་མྱར་སེལ་ཐུབ་པའི་རྣམ་པ་བཟང་བོ་བསྐྲུན།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།