
ཟླ2པའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ལོ་གསར་པ་ནས་འགོ་བརྩམས་ཏེ་འབད་བརྩོན་བྱེད་པའི་རྣམ་པས་ཚད་གཞི་མཐོ་བའི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་རྒྱུན་མཐུད་སྒོས་འཚོགས་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་པས་སྣེ་ཁྲིད་དེ་ཁེ་ལས་གལ་ཆེན་ལ་འགན་ལེན་བྱས་ཏེ། ཕྱོགས་ཡོངས་ནས་ཁེ་ལས་པའི་ཞབས་ཞུའི་ནང་ཞུགས་པ་དང་། ཡུལ་དངོས་ནས་གཞུང་བསྒྲུབ་བྱེད་པའི་རྣམ་པར་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་སྒོས་ཁེ་ལས་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། ཡིད་རྟོན་ནུས་སྩོལ། དཀའ་གནད་སེལ་བ། མགྱོགས་མྱུར་སྒོས་མ་དངུལ་གཏོང་བར་སེམས་བདེ་བ་དང་། ལས་ཞུགས་བྱེད་པར་སེམས་བདེ་བ། ཚོང་གཉེར་བྱེད་པར་སེམས་བདེ་བ། བྱ་བ་བསྒྲུབ་པར་སེམས་བདེ་བའི་ཚོང་གཉེར་ཁོར་ཡུག་གི་སྐྱེ་ཁམས་གསར་པ་འཛུགས་རྒྱུ་རེད།
2025ལོ་ནས་བཟུང་། རང་ཞིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དམ་འཛིན་བྱས་ནས་ཐོན་ལས་འཕེལ་རྒྱས་དང་འཚམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་མྱུར་མོར་འཐུས་ཚང་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཀྱི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་སྐོར་གྱི་སྲོལ་ཡིག་ཐོག་མ་བཏོན་ནས་གཙོ་གནད་ཐོན་ལས་དང་ཁྱད་ལྡན་ཁྱབ་ཁོངས་ལ་ཁྱབ་པའི་ལམ་ལུགས་འགན་སྲུང་མ་ལག་བཙུགས། ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་དམ་འཛིན་བྱས་ཏེ། བཅད་ཁ་ཆུང་བ་དང་ཕན་ནུས་ཆེ་བའི་པར་གཞི5.0ཡི་ཚོང་གཉེར་ཁོར་ཡུག་བཅོས་བསྒྱུར་བྱེད་ཐབས་བཏོན་པ་དང་། ཁྲིམས་འཛིན་གསལ་འབྱེད་ཀྱི་གྲོན་དངུལ་བསྡུ་བའི་དོ་དམ་བྱེད་ཐབས་སོགས་ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་བའི་རྩིས་ཐོར་བཟོ་བཅོས་བརྒྱབ་ནས་ཁེ་ལས་འཕེལ་རྒྱས་ཀྱི་སྔོན་དཔག་དང་ཡིད་ཆེས་ཏན་ཏིག་ངང་ཆེ་རུ་བཏང་།
ཏིང་འཛིན་མཚོ་མོས་བསྒྱུར།