དྭངས་གཙང་རྨ་ཆུའི་ལྟ་སྐོར་ཁུལ་གྱི2026ལོའི་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་རབ་དང་རིམ་པ་སྤེལ་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ3པའི་ཚེས12ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2026ལོའི་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་བཀོད་སྒྲིག་ཚོགས་འདུ་བསྡུས། དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་སླར་གསོ་བྱེད་པའི་རྫོགས་ལྡན་དུས་སྐབས་དམ་འཛིན་བྱེད་ཆེད། ནུབ་ཡུལ་དཔལ་ཀྱི་གནས་མཆོག་ངོ་མཚར་སྟོང་གི་རྨ་ལྷོ་ཡི་ཟོང་རྟགས་ཀྱི་ངེས་གནས་དང་འབྲེལ་ཏེ། དྭངས་གཙང་རྨ་ཆུའི་ལྟ་སྐོར་ཁུལ་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་གནས་དེའི་བྱེད་སྒོ་དེ་སྟེགས་བུར་བྱས་ནས།  ཕྱོགས་ཡོངས་ནས་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་ཐོག་མའི་ཕན་འབྲས་ཐོབ་པ་མངོན་འགྱུར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཚད་དང་ཤུགས་རྐྱེན་མཐོར་འདེགས་བཏང་།

རྨ་ལྷོ་ཁུལ་ནི་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་སྟོད་རྒྱུད་ཀྱི་གཙོ་གནད་ཁུལ་དུ་གནས་པ་དང་། འཛམ་གླིང་རིམ་པའི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་རེབ་གོང་སྒྱུ་རྩལ་གྱི་འབྱུང་གནས་ཡིན། ཁམས་ར་འཛམ་གླིང་རིམ་པའི་ས་གཤིས་སྤྱི་གླིང་དང་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་གནས་པ་དང་། ཐུན་མོང་མ་ཡིན་པའི་རྨ་ཆུའི་རིག་གནས་དང་སྟོད་རྒྱུད་ཀྱི་སྐྱེ་ཁམས་མཛེས་ལྗོངས་ཡོད་ལ། སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལྷན་སྐྱེས་ཀྱི་ཁྱད་སྟོབས་ལྡན། 

བྱེད་སྒོ་དེས་ཟོང་རྟགས་གཏོད་པ་དང་རིག་གནས་ཡུལ་སྐོར་གྱི་ཚ་རླབས་ཆེ་རུ་གཏོང་བ་དམིགས་སུ་བཟུང་ནས། ཁུལ་དང་གྲོང་ཁྱེར(རྫོང)མཉམ་འགུལ་དང་ས་ཚིགས་མང་པོར་མེ་ཏོག་བཞད་པའི་རྣམ་པ་སྤྱད་དེ་ཐུན་རིན་གྲོང་ཁྱེར་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅས་སུ་དུས་མཉམ་དུ་ཡན་ལག་ཚོགས་ར་བཙུགས་པ་མ་ཟད། ཡུལ་བབ་དང་བསྟུན་ནས། ད་དུང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཁུལ་བཙུགས་ནས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་འགྲན་བསྡུར་ནང་ཞུགས་པའི་ཞོར་དུ་རྨ་ལྷོའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཁྱད་ལྡན་ཡུལ་སྲོལ་ཉམས་ལེན་གཏིང་ཟབ་ཐུབ་པར་བྱེད་རྒྱུ་རེད། དེ་དང་ཆབས་ཅིག་རིག་གནས་ཡུལ་སྐོར་ལམ་ཐིག་རིམ་སྤོར་ལ་དམིགས་ནས་རྫོང་བཞིའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟོང་རྟགས་ཀྱི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས་རྫོང་གཅིག་ལ་ཐོན་རྫས་གཅིག་དང་ས་ཚིགས་མང་བོ་གཅིག་ཏུ་སྦྲེལ་བའི”རིག་གནས་ཡུལ་སྐོར་ལམ་ཐིག་རྩེ་གྲའི་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད། དེའི་ནང་ཐུན་རིན་གྲོང་ཁྱེར་གྱིས་ཨ་མྱེས་བྱ་ཁྱུང་དང་འབྲེལ་བའི་སྤྱི་ཚོགས་ཀྱི་རིག་གནས་མི་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ལམ་ཐིག་གཙོ་གནད་དུ་བཏོད་དེ་རེབ་གོང་ཐང་ག་དང་གཙགས་དྲུབ་སོགས་མཉམ་འདྲེས་གཏིང་ཟབ་བྱས་ནས་རིག་གནས་རྒྱུན་འཛིན་གསར་གཏོད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། གཅན་ཚ་རྫོང་གིས་ཁམས་རའི་ས་གཤིས་ཀྱི་ངོ་མཚར་མཛེས་ལྗོངས་དང་། བདེ་སྐྱིད་སྡེ་བ་དང་གླེ་གཞུག་སྡེ་བའི་མཛེས་ལྗོངས་ཁུལ་དང་སྦྲེལ་ནས་རྨ་ཆུའི་དྭངས་གཙང་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་རྒྱུ་རེད།

རྩེ་ཁོག་རྫོང་གིས་ཨ་མྱེས་མཚོ་རྒན་མཐའ་འཁོར་གྱི་རྐང་ཐང་ལམ་ཐིག་ལྟེ་བར་བྱས་ནས་མཐོ་སྒང་གི་བརླན་སའི་ལྷིང་འཇགས་དང་སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་རྒྱུ་རེད། ཧི་ནན་རྫོང་གིས་ཇི་གན་རི་བོའི་མཐའ་འཁོར་དང་རྨ་ཆུའི་རིག་གནས་ལམ་ཐིག་ལ་དམིགས་ནས་རྩྭ་ཐང་དང་རྨ་ཆུ་མཉམ་གནས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་པར་བྱས་ཏེ་རྨ་ལྷོའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་རྣམ་པ་གསར་པ་གཏོད་པར་རོགས་འདེགས་བྱེད་རྒྱུ་རེད།

ཏིང་འཛིན་མཚོ་མོས་བསྒྱུར།