
ཟླ3པའི་ཚེས29ཉིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ཀྱི་ཞོད་སྐྱོན་དང་ཐན་སྐྱོན་འགོག་སྲུང་བྱ་བ་དེ་ཆུ་ལོག་སྲོལ་རྒྱུན་བཅོས་སྐྱོང་དོ་དམ་བྱེད་སྟངས་སུ་བསྒྱུར་ནས། སྤུས་ཚད་དང་ཕན་འབྲས་ཆེ་བའི་དེང་རབས་ཅན་གྱི་ཞོད་སྐྱོན་དང་ཐན་སྐྱོན་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་རེད། ཡུལ་བབ་དང་བསྟུན་ནས“ནམ་མཁའ་དང་ས་ཆུའི་བྱ་བ”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ཤེས་ཚོར་མ་ལག་བསྐྲུན་ནས། རྨ་ཆུའི་འགྲམ་རྒྱུད་དང་ཙོང་ཆུའི་གཞོང་ས། ཚྭ་འདམ་གཞོང་སོགས་སུ་དྲག་ཆར་དང་ཆུ་ལོག ཉེན་ཁ་ཆེ་བའི་ཁུལ་དང་ཆུ་ལོག་གི་གནོད་འཚེ་ཐོན་སླ་བའི་ཁུལ་དུ། ལེ་ཏའི་གནམ་གཤིས་གཞི་གྲངས་ཚད་འཇལ་ཆས་གཉིས་སྦྲེལ་མཐུད་བྱས་ཏེ། ཆར་འཇལ་ས་ཚིགས་དང་ཆུ་ཁམས་སྔོན་བརྡའི་ལྟེ་གནས། ཆུ་གནས་ས་ཚིགས239བཅས་འཛུགས་སྐྲུན་བྱས་པ་དང་། ལྟ་ཞིབ་ཚད་ལེན་བྱེད་སྟངས་ལེགས་བཅོས་བྱས་ཏེ་སྐོར་འཇལ་ཁྱབ་རྒྱ་སྔར་ལས་ཆེ་རུ་བཏང་།
ཕྱོགས་བསྡུས་འགོག་སྲུང་བྱ་བའི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་ཆེད། ཞིང་ཆེན་ཡོངས་ཀྱིས་ཚན་པ་ཆུང་ཤོས་དང་ཁྱོན་ཡོངས་ལ་ཁྱབ་པ། གཟབ་ནན་ནུས་ལྡན་བཅས་ལ་གཞི་ཚུགས་ཏེ། གཞི་རིམ་མང་ཚོགས་ཀྱིས་ཚད་ལེན་དང་མང་ཚོགས་ཀྱིས་འགོག་སྲུང་གི“གཅིག་ཅན་བཅུའི”ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་སྔོན་ཇུས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། “གནད་འགག་གི་རིམ་པའི”འགན་འཁྲི་དང་བྱེད་ཐབས་དམ་འཛིན་ནན་མོ་བྱས་ནས། ཐལ་དྲགས་པའི་གནས་ཚུལ་འོག་འཕྲལ་བསྟུན་ཉེན་གཡོལ་ནུས་པ་དངོས་གནས་ཆེ་རུ་བཏང་། འབབ་རྒྱུད་ཀྱི་ཆུ་ལོག་འགོག་སྲུང་གི་སྔོན་ཇུས་དང་། གྲོས་མོལ་ཞིབ་གཅོད། སྔོན་ཚུད་ཉེན་བརྡ་ཁྱབ་བསྒྲགས། བཟོ་སྐྲུན་བཀོད་གཏོང་སོགས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཐལ་དྲགས་པའི་གནམ་གཤིས་ཡང་ཡང་འབྱུང་བ་དང་ཁངས་ཞུ་བའི་རང་བཞིན་གྱི་ཆུ་ལོག མཐོ་སྒང་མཚེའུ་ཡི་ཆུ་གནས་འཕར་བ་སོགས་ཀྱི་ཉེན་ཁ་ནུས་ལྡན་སྒོས་སྔོན་འགོག་བྱ་དགོས།
དེ་དང་ཆབས་ཅིག རྒྱལ་ཁབ་ཀྱིས་བྱང་ཕྱོགས་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་ཞོད་འབུད་གནོད་འགོག་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ཏེ། འབབ་རྒྱུད་ཀྱི་ཆུ་ལག་དང་། སྟོད་རྒྱུད་དང་སྨད་རྒྱུད། ངོགས་གཡས་གཡོན་བཅས་ཀྱི་མ་ལག་བཅོས་སྐྱོང་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཆུ་མཛོད་དང་ཆུ་ལམ། ཆུ་རགས་བཅས་རྐང་འཛིན་ཡིན་པའི་འབབ་རྒྱུད་ཀྱི་ཆུ་ལོག་བཟོ་སྐྲུན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་། རྐང་ཚའི་སྐྱིད་སྨོན་ཆུ་བོ་དང་ཀོས་ནན་མང་ཆུ་སོགས་བཞུར་རྒྱུད་ཆུང་འབྲིང་གི་གཙོ་གནད་ཆུ་བོ་ལྔ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ། རྟ་ཐང་དང་ཧུའུ་ཀྲུའུ་སོགས་ཀྱི་གཙོ་གནད་ལུང་ཤུར10ལ་ཕྱོགས་བསྡུས་བཅོས་སྐྱོང་གི་བཟོ་སྐྲུན་སྤེལ་བ་མ་ཟད། ཁྲིམས་ལྟར་ཧམ་བཟུང་དང་བཙན་བཟུང་བྱ་བའི་འབུར་ཐོན་གནད་དོན་བཅོས་སྒྲིག་བྱས་པ་དང་། ཆུ་ལམ་གཙང་སེལ་དང་ཆུ་ལམ་གཤོང་བའི་ཚོད་ལྟའི་གནས་ལག་བསྟར་བྱས་ཏེ། ཆུ་ལོག་སྔོན་འགོག་གི་བྱེད་ནུས་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།
ཤ་བོ་རིན་མཚོས་བསྒྱུར།