2026ལོའི“ཐའེ་ཧྲན་གྱི་ཆུ་བཟང”ཞེས་པའིCMGམང་ཚོགས་རྐང་གྲུག་གདན་ཞུའི་འགྲན་བསྡུར་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ3པའི་ཚེས30ཉིན་གྱི་དགོང་མོར། 2026ལོའི“ཐའེ་ཧྲན་གྱི་ཆུ་བཟང”ཞེས་པའིCMGམང་ཚོགས་རྐང་གྲུག་གདན་ཞུའི་འགྲན་བསྡུར་ཚན་ཆུངAཡི་རེས་སྐོར་གཉིས་པའི་གཙོ་གནད་འགྲན་སྡུར་དེ་ཧྲན་ཏུང་ཐའེ་ཨན་ལུས་རྩལ་ཐང་དུ་སྤེལ་འགོ་ཚུགས་ཤིང་།     མཚོ་སྔོན་ཡུས་ཧྲུའུ་རུ་ཁག་གིས་འགྲན་སྡུར་གྱི་འགྲན་ཐེངས་ཐོག་མ་དེ་བསུས་ཤིང་།     མཐར1:2ཀྱི་མཇུག་འབྲས་ཀྱིས་འགྲན་ཡ་ལས་ཕམ་མོད།  འོན་ཀྱང་རྐང་གྲུག་རུ་ཁག་གིས་འགྲན་བསྡུར་སྟེང་ངོམ་པའི་དཔའ་ངར་ཞུམ་མེད་ཀྱི་འབད་བརྩོན་སྙིང་སྟོབས་དང་འགྲན་རའི་ཡུལ་དངོས་ཀྱི་མཐོ་སྒང་རིག་གནས་ཀྱི་ཡུལ་སྲོལ་ཟབ་མོ་དེས་ཐའེ་ཧྲན་རི་བོའི་འདབས་ཀྱི་རྐང་གྲུག་ལ་དགའ་མཁན་ཚོར་བག་ཆགས་ཟབ་མོ་བཞག    

རྒྱལ་ཁབ་རིམ་པའི་བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཡིན་པའི་ཆ་ནས། ཡུས་ཧྲུའུ་ཡིས་ཐེངས་འདིའི་འགྲན་སྡུར་ལ་རྐང་གྲུག་འགྲན་རྩལ་ཁྱེར་ཡོང་ཡོད་པར་མ་ཟད།     གངས་ལྗོངས་མཐོ་སྒང་གི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཧྲན་ཏུང་ས་གཞི་ཆེན་པོར་མངོན་པར་བྱས།     འགྲན་སྡུར་འགོ་མ་བརྩམས་གོང་མཚོ་སྔོན་ཡུས་ཧྲུའུ་རུ་ཁག་གིས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཞབས་བྲོ《བཀྲ་ཤིས་ཡུས་ཧྲུའུ》ཞེས་པ་འཁྲབ་སྟོན་བྱས།     གར་པ་ཚོས་རྣམ་པར་བཀྲ་བའི་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་པ་དང་།  ཕུ་ཐུང་རིང་པོ་གཡུག་པའི་ཞབས་བྲོའི་སྟངས་སྟབས་བཅས་ཀྱིས་མཐོ་སྒང་གི་བུ་དང་བུ་མོ་ཚོའི་སྤྲོ་སྣང་དང་དཔའ་ཉམས་མངོན་པར་བྱས་ཏེ། ཚོགས་ར་ཡོངས་ཀྱི་རྣམ་པ་སྐད་ཅིག་ཉིད་དུ་འཁྲུག་ཆ་དོད་པོར་བྱས།  ལྟད་མོ་བ་རྣམས་ཀྱིས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་བར་མེད་སྒྲོག་བཞིན་ཁ་པར་བླངས་ནས་གྱ་ནོམ་པའི་འཁྲབ་སྟོན་དེའི་རྣམ་པ་པར་དུ་ལེན་བཞིན་འདུག 

མཚོ་མོ་སྐྱིད་ཀྱིས་བསྒྱུར།