
ཉེ་ལམ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་བཅས་རྩ་འཛུགས་བྱས་ཏེ་དེང་རབས་ཅན་གྱི་རྒྱལ་དབང་ནགས་རའི་མཐུན་སྦྱོར་ཚོགས་འདུ་བསྡུས་ནས་རང་ཞིང་གི་དེང་རབས་ཅན་གྱི་རྒྱལ་དབང་ནགས་རའི་འཛུགས་སྐྲུན་འཕེལ་རྒྱས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།
མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གལ་ཆེན་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ནགས་ར་བརྒྱ་དང་བཅུ་གསུམ་དེ་ནགས་ཚལ་ཐོན་ཁུངས་གསོ་སྐྱོང་དང་སྲུང་སྐྱོབ། དོ་དམ་བཅས་ཀྱི་གཙོ་གཞི་ཡིན་པའི་ཆ་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད། དེང་རབས་ཅན་གྱི་རྒྱལ་དབང་ནགས་ར་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་དུས་ཚོད་ཐུང་ཞིང་ལས་འགན་ལྕི་བས། སྡེ་ཁག་སོ་སོས་རང་འགན་གཙང་སྒྲུབ་དང་མཉམ་དུ་ཤུགས་བཏོན་ནས་ནགས་ར་འཛུགས་སྐྲུན་བྱེད་རྒྱུ་དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཙོ་བོའི་ནང་འཇོག་དགོས་པ་དང་། སྟོབས་ཤུགས་གཅིག་བསྡུས་སྒོས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་དང་གནད་དོན་གཙོ་བོ་ཐག་གཅོད་བྱེད་དགོས་ལ། སྲིད་ཇུས་དྲིལ་སྒྲོག་འགྲེལ་ཀློག་ལ་ཤུགས་སྣོན་པ་དང་སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས་དེང་རབས་ཅན་གྱི་རྒྱལ་དབང་ནགས་ར་འཛུགས་སྐྲུན་གྱི་ལས་འགན་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱེད་པར་འགན་སྲུང་དགོས།
ཚོགས་འདུ་ལས་བསྟན་དོན། ནགས་རྩྭའི་སྡེ་ཁག་གིས་སྣེ་ཁྲིད་དེ་དེང་རབས་ཅན་གྱི་རྒྱལ་དབང་ནགས་རའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྡེ་ཁག་སོ་སོའི་བར་མཐུན་སྦྱོར་བྱས་ནས་གནད་དོན་གཙོ་བོ་ཐག་གཅོད་དགོས་པ་དང་། འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་ནགས་ར་འཛུགས་སྐྲུན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཞག་ནས་བཅོས་སྒྱུར་དང་ལས་གཞི་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས། ནོར་སྲིད་སྡེ་ཁག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་རྨང་གཞིའི་སྒྲིག་ཆས། ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ནས་བདག་གཉེར་ཡོང་འབབ་ལ་སྐུལ་མ་གཏོང་བའི་བགོ་བཤའི་རྐྱེན་སྲོལ་འཛུགས་དགོས། རང་བྱུང་ཐོན་ཁུངས་སྡེ་ཁག་གིས་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་ཐོན་དབང་བདག་དབང་གཏན་འཁེལ་ལ་མཛུབ་སྟོན་བྱས་ནས་གནས་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ནགས་རའི་བགྲོད་ལམ་དེ་ས་གནས་ཀྱི་གཞུང་ལམ་དྲ་རྒྱའི་འཆར་འགོད་ནང་བཞག་ནས་འཛུགས་སྐྲུན་དང་སྲུང་སྐྱོབ་མ་དངུལ་ལ་འགན་སྲུང་བྱས་ཏེ་ཤར་གཏོང་ནུས་པ་ཆེ་རུ་གཏོང་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གཞི་རིམ་ཞབས་ཞུའི་ལས་གནས་ལ་རྒྱབ་སྐྱོར་བྱས་ནས་ནགས་རའི་མི་བཀོལ་མི་བསྡུའི་རྐྱེན་སྲོལ་ཚད་ལྡན་དུ་གཏོང་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།