
ཀོས་ནན་དུ་ཐོག་མར་འབྱོར་སྐབས་གྲང་རླུང་ཁྲོད་དུ་འདྲེས་པའི་འཕེལ་རྒྱས་ཀྱི་ཚ་རླབས་དེས་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་ཡོང་། ཞིང་ནང་དུ་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན་པ་དང་། སྤྱིལ་བུའི་ནང་གི་ལུག་ནག་ཚོ་ཞིང་རྒྱགས་པ། ལམ་བར་གྱི་རླངས་འཁོར་འགྲོ་འོང་རྒྱུན་མི་ཆད་པ་བཅས་གསོན་ཉམས་དོད་པའི་རྣམ་པ་འདི་དག་ནི་མཐོ་སྒང་འབྲོག་ཁུལ་གྱི་མཚོན་རྟགས་གསལ་བོ་ཡིན་པ་མ་ཟད། ཀོས་ནན་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བའི“ལྟེ་བའི་གསང་གྲངས”ཀྱང་སྦས་ཡོད།
ལུག་ནག་ལ་བརྟེན་ནས་སྐྱེ་ཁམས་དང་དམངས་ཕྱུག་གཉིས་ཀ་མཉམ་རྒྱལ་ཡོང་བར་བྱས་ཡོད། བཅར་འདྲིའི་སྐབས་སུ་ལོ24ལ་སོན་པའི་འབྲོག་པ་ཀུན་དགའ་རྒྱ་མཚོའི་བདེ་སྐྱིད་ཀྱི་འཚོ་བས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པ་སྟེ། ཕྱི་རུ་ལས་ཀ་ཙག་ཙིག་བྱེད་པ་ནས་ལུག་ནག500ལྷག་གསོ་བའི་བར་ཁོའི་ཡོང་འབབ་བརྟན་བརླིང་བྱུང་བ་དང་ཁྱིམ་ཚང་ལའང་བདག་སྐྱོང་ཐུབ་པར་གྱུར། འདིའི་ལྟག་རྒྱབ་ཏུ་ཀོས་ནན་རྫོང་གི“12ཁར་མང་པོ་སྣོན་པའི”གསར་གཏོད་ཀྱི་ནུས་སྤྲོད་ཡོད་པ་མ་ཟད། “ཐོབ་ཐང་དོ་དམ”གྱི་སྤུས་ཚད་བརྟན་སྲུང་བྱེད་པ། དེ་བས་ཀྱང་གསོ་སྤེལ་བྱས་ཏེ་ཕྱིར་འཚོང་སྐུལ་བ་བཅས་ཀྱི་མུ་ཕྲེང་ཧྲིལ་པོའི་བརྒྱུད་རིམ་མངོན་ཡོད། “ཀོས་ནན་གྱི་ལུག་ནག”ལ་ཁས་ལེན་དཔང་འདོན་མང་པོ་ཐོབ་ནས་རྒྱལ་ཡོངས་སུ་བསྐྱོད་དུས། ཐོན་ཁུངས་ཀྱི་དགེ་མཚན་དེ་ངེས་པ་དོན་གྱིས་འབྲོག་པའི་ཁུག་མའི་ནང་གི“གསེར་དངུལ”དུ་གྱུར་བ་རེད།
ནས་ཀྱི་ས་བོན་གྱིས་ཞིང་ལས་དར་རྒྱས་ཀྱི་རྨང་བཟུང་ཡོད། མུའུ་ཁྲི་ཡི་འདེབས་འཛུགས་རྟེན་གཞིར་ལས་གཏོད་པ་ཝང་ཧྲོའེ་ཡིས་ལོ15རིང་རྨོ་འདེབས་བརྟན་སྲུང་བྱས་པ་དེས་མི་རྣམས་ཀྱི་གོང་བཀུར་ཐོབ་ཡོད། སྲིད་གཞུང་གི་སྲིད་ཇུས་ཀྱི་ཁེ་སྤོགས་དང་། “གཅིག་གྱུར་དྲུག”གི་ཚན་རིག་དང་མཐུན་པའི་འདེབས་འཛུགས། མ་བཅོས་འབྲུ་རིགས་ནས་ཟས་རིགས་བར་གྱི་སྤུས་ལེགས་ལས་སྣོན་ཞིབ་ཚགས་འཚོལ་ཞིབ་བཅས་ལ་བརྟེན་ནས། མཐོ་སྒང་གི་ས་བོན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག ལས་བྲལ་བཟོ་པ་ཧོ་ཁྲུན་ཞའོ་ལ་སྐུལ་ཁྲིད་བྱས་ནས་བརྟན་བརླིང་ལས་ཞུགས་མངོན་འགྱུར་བྱུང་བ་དང་། མཐའ་འཁོར་གྱི་ཐོན་ཁུལ་དུ་སོན་བཟང་གི་ཁེ་སྤོགས་མཉམ་སྤྱོད་བྱེད་པའི་བར། ནས་ཐོན་ལས་ཀྱིས་ཞིང་ཁྱིམ་སྒོ་འགྲམ་གྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་ཡོད།
དར་རྒྱས་གཏོང་བའི་ལམ་ཕྱོགས་ཀྱིས་མཁར་གྲོང་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། བྱ་མདོ་ཞང་གི་རྩ་འཛུགས་ཨུ་ཡོན་རྡོ་རྗེ་བཀྲ་ཤིས་ཀྱིས་བཤད་རྒྱུར། ས་ལམ་ཨར་འདམ་ལམ་དུ་གྱུར་པ་དང་ཆུ་ཚོད་གཉིས་ཆུ་ཚོད་གཅིག་ཏུ་གྱུར་པ་དེས་འགྲོ་འོང་གི་ལས་ཕྱོད་ལ་འགྱུར་ལྡོག་བཏང་བ་མ་ཟད། དེ་བས་ཀྱང་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད། གཙགས་དྲུབ་ཐོན་ལས་དར་རྒྱས་ཕྱིན་པ་དང་། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་འཁྲུག་ཆ་དོད་པོར་གྱུར་བ། གྲོང་གསེབ་ཏུ་སྤྱི་སྤྱོད་རླངས་འཁོར་སྐྱོད་པ། མི་མེད་གནམ་གྲུས་དངོས་ཟོག་སྒོ་ཁར་སྐྱེལ་བ། འགྲིམ་འགྲུལ་གྱི་ཁེ་སྤོགས་རྒྱུན་མཐུད་ངང་གློད་པ་བཅས་ཀྱིས་ཐག་རིང་ལུང་ཁུག་གི་གྲོང་གསེབ་དང་ཁྲོམ་རའི་བར་འབྲེལ་བ་དམ་ཟབ་བྱུང་ནས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྩལ།
ད་ལྟའི་ཀོས་ནན་ནི་ཆིག་རྐྱང་གི་འཕེལ་རྒྱས་ལམ་བུ་ཞིག་ཏུ་བསྐྱོད་པ་མིན་པར་དམངས་འཚོ་དང་འཕེལ་རྒྱས་མཉམ་དར་གྱི་ལམ་བུ་ཞིག་ཏུ་སྐྱོད་བཞིན་ཡོད།
མཚོ་མོ་སྐྱིད་ཀྱིས་བསྒྱུར།