
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང“སྤུས་ཚད་མཐོན་པོས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་དགོས”ཞེས་གསལ་བོར་བཏོན་ཡོད། མ་འོངས་པའི་ལོ་ལྔའི་རིང་། རང་རྒྱལ་གྱི་གྲོང་ཁྱེར་གསར་སྒྱུར་དེ་ནུས་པ་རྐྱང་བའི་སྒྱུར་བཀོད་ནས་དམངས་འཚོ་ལེགས་སྒྱུར་དང་རིག་གནས་རྒྱུན་འཛིན། སྐྱེ་ཁམས་ལེགས་བཅོས། ཐོན་ལས་འདོན་སྤེལ་སོགས་ཕྱོགས་མང་མཐུན་སྦྱོར་དང་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་པའི་དུས་མཚམས་གསར་པར་འགྱུར་ངེས།
ཉིན་འདི་གཉིས་རིང་། ཁྲུང་ཆིན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་ལས་གཞི་ཁག་དང་པོ་སྟེ་ཟམ་ཆེན་གྲོང་ཁྱེར་གྱི་མཛེས་ལྗོངས་གཟིགས་སྟེགས་སྒྱུར་བཀོད་བཟོ་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད།
ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཅིན་ཞའོ་ཞི་ཡིས་བཤད་རྒྱུར། འདི་བལྟས་ཚོད་ཀྱིས་སྤྱིར་བཏང་གི་སྒྱུར་བཀོད་ཡུལ་དངོས་ཤིག་ཡིན་མོད། དོན་དངོས་ཐོག་སྔོན་ཆད་དང་ཁྱད་པར་ཆེན་པོ་ཡོད། ད་ལྟ་ང་ཡོད་ས་འདི་འཁོར་ལམ་གྱི་སྒྱུར་བཀོད་ཡིན་པ་དང་། སྟེང་རིམ་ནི་ཉེ་འགྲམ་སྲང་ལམ་གྱི་རྐང་ཐང་བགྲོད་ལམ་གྱི་སྒྱུར་བཀོད་ཡིན། ཆེས་སྟེང་རིམ་ལ་ད་དུང་ཡུལ་ལྗོངས་གཟིགས་སྟེགས་ཀྱི་རིམ་སྤོར་ཡོད། སྟེང་རིམ་དུ་མཛེས་ལྗོངས་བཟོ་བ་དང་འོག་རིམ་དུ་འཚོ་བར་ལེགས་བཅོས་བྱས་ཡོད། སྔོན་ཆད་ཀྱི་གནས་གཅིག་སྒྱུར་བཀོད་བྱེད་པ་དེ་ད་ལྟ་ས་ཁོངས་ཧྲིལ་པོའི་གནས་མང་མཉམ་དུ་སྒྱུར་བཀོད་བྱེད་ཀྱིན་ཡོད། ང་ཚོས་སྒྱུར་བཀོད་བྱས་རྗེས་ཀྱི་གནས་འདིའི་ཚུགས་ཀར་ལད་མོ་བྱས་ན། དེ་ནི་ཡུལ་སྐོར་བས་པར་རྒྱག་སའི་ས་ཆ་ཡག་པོ་ཞིག་ཡིན་པ་མ་ཟད། ད་དུང་ཉེ་འགྲམ་གྱི་སྡོད་ཁུལ་དང་། མཛེས་ལྗོངས་ཁུལ། དེ་བཞིན་ཉེ་འགྲམ་གྱི་འགྲོ་ལམ་མང་པོ་ཞིག་སྦྲེལ་ཐུབ་ཀྱིན་ཡོད།
ཁྲུང་ཆིན་གྱི་གྲོང་མི་ལིན་ཧའེ་དབྱིན་གྱིས་བཤད་རྒྱུར། གནས་འདི་སྒྱུར་བཀོད་བྱས་རྗེས་ཧ་ཅང་སྟབས་བདེ་ཡིན་སྲིད། སྡོད་དམངས་ལ་སྟབས་བདེ་བ་མ་ཟད། ཡུལ་སྐོར་བར་ཡང་སྟབས་བདེ་ཡིན། གློག་སྐས་འགྲུབ་རྗེས་ལྷག་ཏུ་སྟབས་བདེ་ཡིན་ཟེར།
ཁྲུང་ཆིན་ལས་གཞན། ས་གནས་ཁག་གིས་གྲོང་ཁྱེར་གསར་སྒྱུར་བྱ་བ་གཅིག་རྗེས་གཉིས་མཐུད་ཀྱིས་ལག་བསྟར་བྱས་ཏེ “གནས་གཅིག”ནས“ཕྱོགས་ཡོངས”བར་གྱི་འཕོ་འགྱུར་མངོན་འགྱུར་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་མུ་འབྲེལ་འཆར་འགོད་དང་སྤྱི་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་བཏང་ནས་ཁ་ཐོར་གྱི་རྨང་གཞི་སྒྱུར་བཀོད་རིམ་སྤོར་དེ་སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་བསྒྱུར་ཡོད། ཀོང་ཏུང་དུ་མ་འོངས་པའི་ལོ་ལྔའི་ནང་གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་ཁུལ་སུམ་བརྒྱའི་སྒྱུར་བཀོད་བྱ་བ་འགོ་རྩོམ་རྒྱུ་ཡིན་པ་དང་། ཝུའུ་ཧན་དུ་ཡུག་ཁུལ་བརྒྱ་དང་གྱ་གཉིས་འདེགས་སྐྱོར་དུ་བྱས་ནས་སྤྱི་ཡོངས་གསར་སྒྱུར་བྱ་རྒྱུ་རེད།
དགོས་མཁོ་ཧ་ཅང་ཆེན་པོ་ཞིག་གིས་ཐོན་ལས་མུ་ཕྲེང་གི་འབྲེལ་མཐུད་ཚུར་སྣང་བྱེད་བཞིན་ཡོད། སི་ཁྲོན་ཏེ་དབྱང་གི་གློག་སྐས་བཟོ་སྐྲུན་ཁེ་ལས་ཀྱི་མངགས་ཐོ་ལོ་མཇུག་བར་བཀོད་སྒྲིག་བྱས་ཡོད་ལ། ཁེ་ལས་ཀྱིས་རེས་སྐོར་གསར་པའི་ཐོན་ནུས་ཆེ་རུ་གཏོང་བའི་འཆར་གཞི་བཟོ་བཞིན་ཡོད། སྤྱི་ལེ་སྟོང་ཕྲག་ཁ་ཤས་ཀྱི་སར་ཡོད་པའི་ཀྲེ་ཅང་ཝུན་ཀྲོའུ་ཡི་ལྗང་མདོག་ཨར་ལས་རྒྱུ་ཆའི་ཁེ་ལས་ཀྱིས་ད་ལོར་ཐོན་སྐྱེད་རྟེན་གཞིའི་བཀོད་པ་གྲོང་ཁྱེར་སུམ་ཅུ་བར་རྒྱ་ཆེར་གཏོང་རྩིས་ཡོད།
ཐོན་ལས་ཚོགས་པ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དེས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་གྲོང་ཁྱེར་གསར་སྒྱུར་ཐད་མ་གཏོང་ཆེན་པོ་མཚོན་ཡོད། མ་འོངས་པའི་ལོ་ལྔའི་ནང་། རང་རྒྱལ་གྱི་གྲོང་ཁྱེར་གསར་སྒྱུར་བྱེད་པར་ཉུང་མཐར་ཡང་མ་དངུལ་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་ལྔ་འཇོག་ཐུབ་པ་དང་། དེའི་ནང་ས་འོག་སྦུག་དྲ་གསར་སྒྱུར་ཁོ་ནས་མ་དངུལ་སྒོར་ཁྲག་ཆེན་ལྔ་ལ་ཉེ་བར་སྐུལ་ཁྲིད་བྱེད་ཐུབ་པ་དང་། དེའི་ཁར་སྡེ་ཁུལ་རྙིང་པ་དང་གྲོང་ཁྱེར་ནང་གི་གྲོང་སྡེ་བསྒྱུར་བཀོད། ལོ་རྒྱུས་རིག་གནས་ཁྲོམ་ཁུལ་སྲུང་སྐྱོང་དང་བེད་སྤྱོད། སྡེ་ཁུལ་ཆ་ཚང་འཛུགས་སྐྲུན་སོགས་ཀྱི་ལས་འགན་བསྣན་ན། འཕེལ་རྒྱས་ཀྱི་བར་སྟོང་ཧ་ཅང་ཡངས་ཤིང་རྒྱ་ཆེ་བ་དང་། འཕར་སྣོན་གྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལས། དེ་ལྟ་བུའི་དངུལ་གཏོང་ཆེན་པོས་འགྱུར་བཟོ་བྱས་པ་ནི་དྲོད་ཁོལ་ལྡན་པའི་ཡིག་རྟགས་རེ་རེ་ཙམ་མིན་པར་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བའི་གདིང་ཤུགས་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ཉེན་ཁང་དང་ཁང་རྙིང་འབུམ་ལྔ་ཡོངས་སུ་གསར་སྒྱུར་བྱེད་རྒྱུ་ཡིན་པ་དང་། གཞིས་ཁུལ་རྙིང་པ་ཆིག་འབུམ་ཆིག་ཁྲི་ལྔ་སྟོང་གི་རྣམ་པ་གསར་རྐྱང་དུ་སྒྱུར་ནས་ཁྱིམ་མཚེས་རྙིང་བ་རྣམས་ལ་སྡོད་གནས་གསར་པ་བསྐྲུན་རྒྱུ་རེད། ཁྲོམ་ལམ་རྙིང་པ་དང་བཟོ་ཁུལ་རྙིང་པ་ཆིག་སྟོང་ལྔ་བརྒྱའི་རྣམ་པ་ཇེ་ལེགས་སུ་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་མཛེས་སྡུག་ལྡན་པར་བྱེད་པ་དང་། སྤྱི་ལེ་བདུན་འབུམ་བདུན་ཁྲི་ཡོད་པའི་སྦུག་དྲ་དུས་མཉམ་དུ་གསར་སྒྱུར་བྱས་ཏེ། གྲོང་ཁྱེར་གྱི་སྦུག་དྲའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད།