མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁེ་ལས་ལ་འདྲི་རྩད་བཞུགས་མོལ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཁུངས། ཀློག་གྲངས།

ཟླ4ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤྱིའི་ལས་ཚབ་དང་ཚབ་འཚོང་ཁེ་ལས་ལ་དམིགས་ནས་འདྲི་རྩད་དང་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་ཁྲིམས་མཐུན་གཉེར་སྐྱོང་དང་དྲང་གཞག་འགྲན་རྩོད་སྐོར་གླེང་བ་དང་། ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། ཁྲོམ་རའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་ཤུགས་སྣོན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལས་རིགས་གཉེར་སྐྱོང་གི་ཁྱད་ཆོས་ལ་དམིགས་ནས་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་དང་། གཙོ་གནད་བཅའ་ཁྲིམས་ཁྲིམས་སྲོལ། ལྟ་སྐུལ་དོ་དམ་བྱ་བའི་གཙོ་གནད་བཅས་གནད་ལ་འཁེལ་བའི་ངང་འགྲེལ་བཤད་བརྒྱབ་སྟེ། ཁེ་ལས་ལ་ཁྲིམས་མཐུན་གཉེར་སྐྱོང་གི་ཚད་གཞི་གསལ་པོ་བཟོ་བ་དང་། ཁྲིམས་མཐུན་ཚོང་གཉེར་འདུ་ཤེས་འཛུགས་པ། རང་ངོས་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱེད་པར་རོགས་རམ་བྱས། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་གྱིས་ཚུལ་མིན་འགྲན་རྩོད་ལ་རྒོལ་བའི“ལྟ་སྐུལ་དོ་དམ་མཁན”གྱི་ལམ་ལུགས་གཏན་འབེབས་དང་ལག་བསྟར་བྱེད་པར་དམིགས་ནས་ལམ་ལུགས་གཏན་འབེབས་བྱེད་པའི་རྒྱབ་ལྗོངས་དང་གཙོ་གནད་ནང་དོན་རྒྱས་བཤད་ཞིབ་ཕྲ་བྱས་པ་དང་། ཁེ་ལས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ལ། ཁེ་ལས་ཀྱི་འཐུས་མི་ཚོས་ཚོང་གཉེར་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ལམ་ལུགས་ཀྱི་བརྒྱུད་རིམ་ལེགས་སྒྱུར་དང་། ཐེར་འདོན་མཁན་གྱི་ཁེ་དབང་འགན་སྲུང་། ཆ་འཕྲིན་གསང་སྲུང་། སྐུལ་ལྕག་དོན་འཁྱོལ་སོགས་ཀྱི་ཐད་ཐབས་འདོན་ཇུས་འབུལ་བྱས་ཏེ། ལམ་ལུགས་ཚན་རིག་དང་མཐུན་པའི་སྒོ་ནས་འཐུས་ཚང་དུ་གཏོང་བར་དངོས་སྒྲུབ་དཔྱད་གཞི་མཁོ་འདོན་བྱས།

བགྲོ་གླེང་ཁྲོད་ཁེ་ལས་ཀྱི་འགན་འཁུར་བས་གོ་རིམ་བཞིན་ཁྲིམས་མཐུན་ཚོང་གཉེར་བྱས་ཚུལ་ཡར་ཞུ་བྱས་པ་དང་། ཚད་ལྡན་ཚོང་གཉེར་དང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་པར་མ་ཟད། ཚོང་གཉེར་ ཁྲོད་ཀྱི་ཁྲིམས་མཐུན་དཀའ་གནད་དང་སྲིད་ཇུས་དོགས་གནད་ལ་དམིགས་ནས་རང་འགུལ་ངང་འབྲེལ་ཡོད་གྱོད་གཞིའི་ཁུངས་སྣེ་ཡར་ཞུ་བྱས་ཏེ་ལྟ་སྐུལ་དོ་དམ་སྡེ་ཁག་དང་ཡུལ་དངོས་ནས་བརྗེ་རེས་འབྲེལ་གཏུག་བྱས། ལྟ་སྐུལ་དོ་དམ་སྡེ་ཁག་གིས་རེ་རེ་བཞིན་ཡུལ་དངོས་ནས་ལན་འདེབས་པ་དང་དོགས་གནད་སེལ་ཞིང་། ཁེ་ལས་ཀྱི་འདྲི་རྩད3ཐག་གཅོད་བྱས་པ་དང་། ཁྲིམས་འགལ་གྱི་ཁུངས་སྣེ2གསེད་བཀྲོལ་དང་བདག་སྤྲོད་བྱས་ལ། སྲིད་ཇུས་དང་ཁེ་ལས་ཀྱི་འབྲེལ་གཏུག་འགོག་རྐྱེན་ནུས་ལྡན་ངང་སེལ་བ་དང་། ཁེ་ལས་ཀྱི་ཚོང་གཉེར་འགག་གནད་དང་དཀའ་གནད་སེལ་རོགས་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།