མཚོ་སྔོན་གྱིས་ལོ་ལོན་དང་བྱིས་པར་དམིགས་ནས་དམངས་འཚོའི་དོན་དངོས་གསུམ་གཙོ་གནད་དུ་བསྒྲུབ་རྒྱུ་རེད།
ཁུངས། ཀློག་གྲངས།

ཟླ4ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་མཚོ་སྔོན་གྱིས་ལོ་ལོན་དང་བྱིས་པར་དམིགས་ནས་དམངས་འཚོའི་དོན་དངོས་གསུམ་གཙོ་གནད་དུ་བསྒྲུབ་རྒྱུ་རེད།

རྒན་གསོའི་ལས་ཁུངས་ཀྱིས་འགྲོ་ལུགས་སྟབས་བདེ་རུ་བཏང་སྟེ། དམངས་སྲིད་ཀྱིས་གཅིག་གྱུར་འཆར་འགོད་དང་སྡེ་ཁག་མཉམ་འགུལ་བྱེད་པ། རྒན་གསོའི་ལས་ཁུངས་ཀྱི་ཐོ་འགོད་དོན་ཚན་གྱི་གསལ་ཐོ་དང་སྒྲུབ་གཉེར་ཕྱོགས་སྟོན་བཟོས་ནས་སྒེའུ་ཁུང་གཅིག་ནས་བདག་སྤྲོད་དང་། དཔྱད་ཡིག་ཆ་ཚང་། ཞིབ་བཤེར་མཉམ་སྒྲུབ། དུས་བཅད་ནང་སྒྲུབ་ཚར་བ་བཅས་ལག་བསྟར་བྱས་ཏེ། སྒྲུབ་གཉེར་དུས་ཚོད་ཇེ་ཐུང་དུ་གཏོང་བ་དང་གཉེར་སྐྱོང་མ་གནས་ཇེ་དམའ་རུ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་མང་པོ་རྒན་གསོའི་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་། ལོ་ལོན་གྱི་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་མི་དགོས་པར་ལོངས་སྤྱོད་བྱེད་ཆོག་པ་དང་། དྲ་གཅིག་ཀུན་སྒྲུབ་དང་། རེ་ཞུ་བྱེད་མི་དགོས་པར་ལོངས་སྤྱོད་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། དམངས་སྲིད་ཀྱིས་སྣེ་ཁྲིད་དེ་ཐོབ་ཐང་ཞིབ་བཤེར་བྱེད་པ་དང་། སྤྱི་བདེ་དང་། འཕྲོད་བསྟེན་བདེ་ཐང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་གི་གཞི་གྲངས་ཐེངས་གཅིག་ལ་བསྡུ་ལེན་དང་ཕྱོགས་མང་པོར་བསྐྱར་སྤྱོད་བྱེད་པ་མངོན་འགྱུར་བྱས་ཏེ། 2026ལོའི་ལོ་མཇུག་ཏུ་ལོ70ཡན་གྱི་ལོ་ལོན་གྱི་ཁ་གསབ་རེ་ཞུ་བྱེད་མི་དགོས་པར་ལོངས་སྤྱོད་བྱེད་པ་དང་ལོ་ཚད་ལ་སླེབས་མ་ཐག་ལོངས་སྤྱོད་བྱེད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ་རེད། ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་སྤྲོད་རྒྱུ་གནད་འཁེལ་ཅན་དུ་འགྱུར་བ་དང་། དྭ་ཕྲུག་དང་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་ངོས་འཛིན་དང་བྱིས་པ་གསོ་སྐྱོང་གི་ཐོ་འགོད་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཕྲོད་བསྟེན་བདེ་ཐང་དང་ནོར་སྲིད་སོགས་སྡེ་ཁག་དང་ཆ་འཕྲིན་བརྗེ་རེས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྲོད་ཡུལ་ངོས་འཛིན་གྱི་གནད་འཁེལ་ཚད་མཐོ་རུ་གཏོང་བ། བྱིས་པའི་ལྟ་སྐུལ་མཛུབ་ཁྲིད་པ་དང་བྱིས་པའི་བདག་སྐྱོང་མཁན་གྱི་ནུས་པ་འདོན་སྤེལ་བྱེད་པ། རང་འགུལ་ཞབས་ཞུ་དང་ཁྱིམ་དུ་སོང་ནས་རོགས་རམ་བྱེད་པ། ཁ་གསབ་སྤྲོད་ཡུལ་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་བཅས་ལ་འགན་སྲུང་བྱེད་དགོས།

མིག་སྔར། ཞིང་ཆེན་དམངས་སྲིད་ཐིང་གིས་རྒྱུན་ཆད་མེད་པར་གོ་རིམ་ལེགས་སྒྱུར་དང་། གཞི་གྲངས་མཉམ་སྤྱོད་རྒྱ་སྐྱེད། ཞབས་ཞུ་གཅིག་སྡུད་མཐོར་འདེགས་བཅས་གཏིང་ཟབ་ཏུ་གཏོང་བཞིན་ཡོད་ཅིང་། བྱེད་ཐབས་དངོས་སྤྱད་དེ་འགག་གནད་སེལ་བ་དང་། དཀའ་གནད་སེལ་བ། ཁྱད་ཆོས་གཏོད་ནས་དམངས་འཚོའི་དོན་དངོས་ལ་སྤུས་ཚད་ལྡན་པ་དང་དྲོད་ཁོལ་ལྡན་པར་བྱ་རྒྱུ་རེད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།