
ཟླ4ཚེས8ཉིན་ནས་ཚེས10ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་གསོ་སྦྱོང་འཛིན་གྲྭ་བསྡུས། གསར་འགོད་པས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པ་ཡན་གྱི་ཞིང་ལས་ཐོན་རྫས་ཞིབ་བཤེར་ལས་ཁུངས་ཀྱི་ཚད་ལྡན་དཔང་ཡིག་གཉིས་ཐོབ་པའི་གྲངས་འབོར24ལ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་ཐོན་སྐྱེད་ཚོང་གཉེར་ཚོགས་པ་སོ་སོར་ཚད་ལྡན་དཔང་ཡིག་སྤྲད་ཡོད་ལ། རིམ་རྩིས་བྱས་ན་ཚད་ལྡན་དཔང་ཡིག་སྤྲོད་ཚད་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བདུན་ཟིན་ཡོད་པས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་།
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། དཀའ་ངལ་ལ་མི་འཛེམས་པར་མཉམ་ལས་དམ་ཟབ་བྱས་ནས་ཐོན་སྐྱེད་དང་སྤུས་ཚད་མཉམ་དུ་འཛིན་པ། བདེ་འཇགས་དང་སྤུས་ཚད་མཐོར་འདེགས་ལ་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་གནད་དུ་འཁེལ་བ་དང་། སྔོན་འགོག་བྱེད་ཐབས་བརྒྱུད་རིམ་ཧྲིལ་བོའི་རིམ་པ་སོ་སོར་དོན་འཁྱོལ་བྱས་ནས། ལྟ་སྐུལ་དོ་དམ་གྱི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། མིག་སྔར། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་རྩྭ་རའི་ངོས་འཛིན་རྒྱ་ཁྱོན་མུའུ་དུང་ཕྱུར་བཞི་དང་བྱེ་བ་ལྔ་ལ་སླེབས་ཡོད་པ་དང་། རྒྱལ་ཡོངས་སུ་སྤྱོད་ཆོག་པའི་རྩྭ་རའི་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ལ་ཁྱབ་པའི་ཞིང་ཆེན་ཐོག་མ་རུ་གྱུར། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་གནས་བབ་བརྟན་པོ་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་མེད་པས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་འདིང་བར་འགན་སྲུང་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།