
ཟླ4པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་སྲིད་འཛིན་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་བའི2026ལོ་ནས2028ལོའི་བར་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས་ནས། ལོ་གཅིག་གི་ནང་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ལོ་གཉིས་ཀྱི་ནང་ཕན་འབྲས་ཐོན་པར་བྱེད་པ། ལོ་གསུམ་གྱི་ནང་རྩ་བ་ཇེ་བརྟན་དུ་གཏོང་བ་བཅས་སྤྱིའི་བསམ་ཕྱོགས་སུ་བྱས་ཏེ། ཁྲིམས་འཛིན་ཆེད་ལས་ཅན་དང་གྲངས་ཚད་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། ཆབ་སྲིད་བརྟན་པོ་དང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བརྟན་པ། སྒྲིག་ཁྲིམས་ནན་མོ་བཅས་ཀྱི་ཁྲོམ་རའི་ལྟ་སྐུལ་ཁྲིམས་བསྟར་གྱི་དམག་བཀན་མོ་སྦྱོང་བརྡར་བྱེད་དགོས།
བྱ་སྤྱོད་དེས་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ལས་རིགས་གཙོ་བོར་དམ་པོར་སྦྲེལ་ཏེ། ཁྲིམས་འཛིན་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་ཀའི་སྤྱོད་ཚུལ་འཛུགས་སྐྲུན་གྱི“ཕྱོགས་གཉིས་ལ་སྐུལ་འདེད”གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། དུས་མཚམས་དགར་ནས་གཙོ་གནད་ལས་ཀའི་ལས་འགན་ལ་སྐུལ་འདེད་གཏོང་རྒྱུ་རེད། 2026ལོར་ཚད་ལྡན་བཟོ་བ་དང་ལམ་སྲོལ་འཛུགས་རྒྱུར་དམིགས་ནས། ཁྲིམས་འཛིན་དོན་ཚན་གྱི་ཞིབ་ཐོ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། སྲིད་འཛིན་ཆད་གཅོད་ཀྱི་རང་མོས་གཅོད་འདེམས་དབང་ཆའི་བྱེད་ཐབས་བཟོ་བཅོས་རྒྱག་པ། ལས་མི་ཡོངས་ཀྱི་ཁྲིམས་འཛིན་གྱོད་གཞི་ཐག་གཅོད་དང་ཁྱབ་གདལ་གཏོང་བ། གྱོད་གཞི་གལ་ཆེན་དོ་དམ་དང་ཁྲིམས་འཛིན་གྱི་མ་ལག་ཚང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རིམ་དགར་གསོ་སྦྱོང་བྱེད་པ་བཅས་བྱས་ནས་ཁྲིམས་འཛིན་ཚད་ལྡན་ཅན་གྱི་རྨང་གཞི་བརྟན་པོ་བཏིང་ཡོད། 2027ལོར་ནུས་པ་ཆེ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ་ལྟེ་བར་བཟུང་ནས། རིག་ནུས་ཁྲིམས་འཛིན་མ་ལག་བེད་སྤྱོད་གཏིང་ཟབ་བཏང་སྟེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་གྲངས་འཛིན་ཅན་གྱི་གྱོད་གཞི་སྒྲུབ་ཚད་ཡོངས་སུ་ཁྱབ་པར་བྱེད་པ་དང་། དངོས་འཐབ་དམག་སྦྱོང་དང་ལས་རིགས་གསར་པའི་ལྟ་སྐུལ་དོ་དམ། ས་ཁོངས་ལས་བརྒལ་བའི་ཁྲིམས་འཛིན་མཉམ་ལས་བཅས་ལ་ཤུགས་སྣོན་པ། ཞིང་ཆེན་རིམ་པའི་ཁྲིམས་འཛིན་འཇོན་མི་མཛོད་བསྐྲུན་པ། ཁྲིམས་འཛིན་ལས་བྱེད་པ80%ཡན་ལ་རང་སྟོབས་ཀྱིས་གྱོད་གཞི་སྒྲུབ་ནུས་ལྡན་པར་སྐུལ་འདེད་གཏོང་བ་དང་། 2028ལོར་སྤུས་རྟགས་བསྐྲུན་པ་དང་རྩ་བ་སྲ་བརྟན་དུ་གཏོང་བར་དམིགས་ནས་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དཔུང་སྡེ་དངོས་གཞི་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལས་རིམ་ཟབ་སྤེལ་གཏོང་བ། ཁྱད་ལྡན་ཁྲིམས་འཛིན་སྤུས་རྟགས་བསྐྲུན་ཏེ། འདྲ་བཟོ་དང་ཁྱབ་གདལ་བཏང་ཆོག་པའི་ཁྲིམས་འཛིན་བྱེད་སྟངས་ཤིག་གྲུབ་པར་བྱེད་དགོས།
རང་རེའི་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་ད་ཐེངས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་དེ་དམ་འཛིན་བྱེད་སར་བརྩིས་ནས། སྲིད་འཛིན་ཁྲིམས་འཛིན་གྱི“ལམ་ལུགས་ཁག་གསུམ”དོན་འཁྱོལ་ནན་མོ་བྱས་ཏེ། ཁྲིམས་འཛིན་བྱ་སྤྱོད་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ་དང་། གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་དབང་གྲགས་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཆུ་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་བརྟན་པོ་ཡོང་བར་སྲུང་སྐྱེལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་འཛིན་གྱི་འགན་སྲུང་སྟོབས་དང་ལྡན་པ་ཞིག་མཁོན་འདོན་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།