
ཟླ4པའི་ཚེས17ཉིན། གསར་འགོད་པས“སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི”བརྗོད་དོན་གཙོ་བོའི་མུ་འབྲེལ་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཆེད་དོན་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ལས་རིགས་དར་རྒྱས་གཏོང་བ། དམངས་ཕན་བཅས་ཀྱི་གཙོ་རྒོལ་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། འཕང་འབྲས་དང་གླ་ཚེར། དབྱར་རྩྭ་དགུན་འབུ། ནགས་གླ་སོགས་མཚོ་སྔོན་གྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ནགས་རྩྭ་ཐོན་ལས་འབད་པས་བསྐྲུན་རྒྱུ་རེད།
ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པའི་ཐད་རྩེ་རིམ་ཇུས་འགོད་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ཚད་ལྡན་ཅན་གྱི་རྟེན་གཞི་འཛུགས་སྐྲུན། ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་བསྐྲུན་པ། ལམ་ལུགས་འགན་ལེན་འཐུས་ཚང་དུ་གཏོང་བ། ཁྱད་ལྡན་ཐོན་ལས་དཔེ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་མཐར། ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་རགས་ཙམ་ཐོན་པ་དང་། ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས30ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་གསར་སྤེལ་བྱས་པ། འཕང་འབྲས་ཐོན་ལས་རྒྱལ་ཡོངས་ཀྱི་ལས་རིགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་པ། རྫོང་དང་ཆུས8ལ་གླ་ཚེར་ཚད་ལྡན་ཅན་འཐུ་བའི་རྟེན་གཞི་དང་དཔེ་སྟོན་རྫོང་བཀོད་སྒྲིག་བྱས་པ། གླ་ཚེར་གྱི་ལོ་གསུམ་གྱི་མཁྲེགས་གཏོར་བྱ་སྤྱོད་ཇུས་གཞི་དང་སྤུས་ཚད་མཐོ་བའི་བེད་སྤྱོད་ཀྱི་མཛུབ་སྟོན་བསམ་འཆར་བཟོས་པ། ལག་རྩལ་སྒྲིག་སྲོལ་དང་རྒྱབ་ཤ་དཀར་པོའི་དེབ། དབྱེ་འབྱེད་ཕྱོགས་སྟོན་སོགས་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དང་བེད་སྤྱོད་གྲུབ་འབྲས་བཅས་རིམ་པར་བསྒྲགས།
སྲིད་ཇུས་ཀྱི་འགན་ལེན་དང་མ་དངུལ་གྱི་རྒྱབ་སྐྱོར་ཐད། 《མཚོ་སྔོན་ཞིང་ཆེན་གྱི་མཉམ་སྡེབ་ནགས་དབང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་གཏོང་བའི་ལག་བསྟར་ཇུས་གཞི》དང་། 《ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་དུ་མ》《མཚོ་སྔོན་ཞིང་ཆེན་གྱི་མཉམ་སྡེབ་ནགས་ས་གཉེར་སྐྱོང་དབང་ཆ་འཁོར་རྒྱུག་དོ་དམ་ལག་བསྟར་བྱེད་ཐབས》པར་འགྲེམས་ལག་བསྟར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།