མཚོ་བྱང་གིས་རོགས་སྐྲུན་མ་དངུལ་སྒོར་འབུམ་བཞིར་བརྟེན་ནས་སིལ་ལས་ས་ཚིགས་ཀྱི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་བཏང་།   
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ4པའི་ཚེས17ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཧྲན་ཏུང་གི་རོགས་སྐྲུན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རོགས་སྐྲུན་མ་དངུལ་སྒོར་འབུམ་བཞི་བརྩོན་ལེན་བྱས་ནས་ཁུལ་ཡོངས་ཀྱི་སིལ་ལས་ས་ཚིགས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས།     ལས་ཞུགས་ཆ་འཕྲིན་ཁྱབ་སྤེལ་དང་སྲིད་ཇུས་དྲིལ་སྒྲོག་སོགས་ཀྱི་ལས་དོན་ཐད་མགྱོགས་མྱུར་ཕན་ནུས་མཐོར་འདེགས་བྱས་ཏེ། སྐབས་བསྟུན་ལས་ཞུགས་ཚོགས་པར་ལས་ཞུགས་འགན་སྲུང་གང་ལེགས་བྱས།

ཐེངས་འདིའི་ཧྲན་ཏུང་གི་རོགས་སྐྲུན་མ་དངུལ་གནད་འཁེལ་ངང་གཏོང་བ་དང་ནུས་ཆེའི་སྒོ་ནས་དོན་འཁྱོལ་བྱས་པ་ནི་མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མི་དམངས་བླ་ན་མེད་པའི་འདུ་ཤེས་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བྱས་པ་ཞིག་ཡིན་ཞིང་།     སིལ་ལས་ཁྲོམ་ར་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་ཆོད་མཐོ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན།     སིལ་ལས་ཞབས་ཞུའི་ཞན་ཆ་གསབ་པ་དང་ཞབས་ཞུའི་བྱེད་ནུས་ཇེ་ལེགས་སུ་གཏོང་བ།    སིལ་ལས་ཁྲོམ་ར་གཉེར་སྐྱོང་ཚད་ལྡན་ནུས་ལྡན་དུ་གཏོང་བ།     སྐབས་བསྟུན་ལས་ཞུགས་ཀྱི་མཁོ་སྤྲོད་སྦྲེལ་མཐུད་དང་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱས་ནས།    སིལ་ལས་ཚོགས་སྤྱིས་ལས་ཀ་འཚོལ་དཀའ་བ་དང་ལས་ཞུགས་བྱེད་དཀའ་བ།     འགན་སྲུང་ཞན་པ་བཅས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱས།

མིག་སྔའི་བར་མཚོ་བྱང་ཁུལ་གྱི་སིལ་ལས་ས་ཚིགས4ཡི་གཉེར་སྐྱོང་ཕན་འབྲས་མངོན་གསལ་དོད་པོ་ཡིན་པ་དང་། རིམ་རྩིས་བྱས་ན་སིལ་ལས་པ་རིགས་སྣ་ཚོགས་མི་ཐེངས4000ལྷག་སྣེ་ལེན་བྱས་ཤིང་། དེའི་ཁྲོད་རོང་འབྲོག་པའི་སིལ་ལས་མི་སྣའི་བསྡུར་ཚད78%ཟིན།      རིམ་རྩིས་བྱས་ན་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་མི་ཐེངས་ཉིས་ཁྲི་ལ་ལས་ཞུགས་བྱེད་རོགས་བྱས་པ་དང་།     མཁར་གྲོང་གི་ལས་ཞུགས་མི་སྣ1078གསར་དུ་འཕར།     ལས་གནས་སྣ་ཚོགས་ཀྱི་ཆ་འཕྲིན་ཁྲི་3ལྷག་གནད་འཁེལ་ངང་ཁྱབ་བསྒྲགས་བྱས་ཤིང་།     མི870ཡི་ལས་ཞུགས་ཐག་བཅད།     ལས་ཞུགས་ཀྱི་གཙོ་གནད་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་མི3300ལྷག་ལ་བརྩེ་བའི་ཞབས་འདེགས་ཞུས་ཏེ།     སྐབས་བསྟུན་ལས་ཞུགས་ཀྱི་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྒོར་ས་ཡ་གསུམ་དྲུག་འབུམ་དྲུག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་སྤྲད་པ་རེད། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།