མ་དངུལ་སྒོར་དུང་ཕྱུར20བཏང་སྟེ་མཚོ་ཤར་གྲོང་ཁྱེར་མཚོ་བོད་མཐོ་སྒང་གི་ཆེས་ཆེ་བའི་རབས་གསར་པའི་རིག་རྩིས་ལྟེ་གནས་སུ་བསྐྲུན་རྒྱུ་རེད།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གཅིག་རིང་ལས་ཕྱོད་ཆེ་བའི་འཛུགས་སྐྲུན་བྱས་པ་བརྒྱུད། མིག་སྔར་ཀྲུང་གོ་སྤོ་འགུལ་མཐོ་སྒང་གཞི་གྲངས་གཞི་ཆེན་མོའི་ལྟེ་གནས་ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་གཙོ་གཟུགས་མཇུག་སྒྲིལ་བ་དང་། འཕྲུལ་གློག་སྒྲིག་སྦྱོར་དང་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་མཇུག་བསྡུ་བའི་དུས་ལ་སླེབས་ཤིང་། མི་འགྱང་བར་བཀོལ་སྤྱོད་བྱ་རྒྱུ་རེད། ལས་གཞི་འགྲུབ་རྗེས། མཚོ་བོད་མཐོ་སྒང་གི་གཞི་ཁྱོན་ཆེ་ཤོས་དང་ལྗང་མདོག་ཆུ་ཚད་སྔོན་ཐོན་གྱི་རབས་གསར་པའི་རིག་རྩིས་ལྟེ་གནས་ཤིག་ཏུ་འགྱུར་སྲིད།

ཀྲུང་གོ་སྤོ་འགུལ་མཐོ་སྒང་གཞི་གྲངས་ཆེན་མོའི་ལྟེ་གནས་ནི་མཚོ་བོད་མཐོ་སྒང་གི་སྤྲིན་རྩིས་གྲངས་གཞིའི་ལྟེ་གནས་ཆེ་གྲས་ཐོག་མ་དེ་ཡིན་པ་དང་། 2015ལོའི་ཟླ12པར་འགྲུབ་ནས་སྤྱོད་མགོ་བརྩམས་པ་རེད། རྣམ་གྲངས་ཀྱི་དུས་ཐེངས་དང་པོར་ས་ཁྱོན་སྤྱི་ཆིང3.4བཟུང་བ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར10ཙམ་བཏང་ལ། ཚད་ལྡན་འཁོར་སྒྲོམ3200བཙུགས།  མཚོ་སྔོན་གྱི་གནམ་གཤིས་གྲང་མོ་དང་ནུས་རྒྱུ་གཙང་མའི་ཕུན་ཚོགས་ལེགས་ཆར་བརྟེན་ནས། རྣམ་གྲངས་དེར་རང་བྱུང་གྲང་ཁུངས་དང་དེ་བཞིན་ནུས་ཆེའི་ནུས་རྒྱུ་གྲོན་ཆུང་གི་ལག་རྩལ་སྤྱད་པས། PUEབརྟན་ཆགས་ཚད1.15ནང་དུ་སླེབས་ཏེ། རྒྱལ་ཡོངས་ཀྱི་ལྗང་མདོག་ཐཱན་ཉུང་གྲངས་གཞིའི་ལྟེ་གནས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། རྣམ་གྲངས་དེས“མཚོ་སྔོན་ལ་གཞི་ཚུགས་པ་དང་། ནུབ་བྱང་ལ་ཞབས་ཞུ། རྒྱལ་ཡོངས་ལ་འདེགས་སྐྱོར་བཅས་བྱེད་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ནས། སྲིད་གཞུང་དང་ཁེ་ལས། དེ་བཞིན་སྦྲེལ་དྲའི་སྐུ་མགྲོན་ཆེ་ཤོས300ལྷག་བཀུག་པ་དང་། སྲིད་དོན་སྤྲིན་དང་ལས་རིགས་སྤྲིན། གཞི་གྲངས་གེགས་གྲབས་སོགས་ཀྱི་གནད་འགག་ལས་སྒོ་བསྐྱངས་ནས། མཚོ་སྔོན་དེ་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་ལས་གཞིའི་ནང་གཏིང་ཟབ་ཞུགས་པའི་མཚམས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

དེའི་རིང་། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གིས་མི་ཐབས་རིག་ནུས་དང་རྩིས་ནུས་དྲ་རྒྱ་འཕེལ་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོ་སྤོ་སྒུལ་གྱིས་མྱུར་མོརAIDCརིག་ནུས་རྩིས་ལྟེ་གནས་བསྐྲུན་པ་དང་། ལྗང་མདོག་རྩིས་དྲའི་མ་ལག་གཅིག་གྲུབ་འཛུགས་པ། ཚགས་དམ་པའི་རྩིས་ནུས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ལས་ཀའི་དགོས་མཁོ་མཐོར་འདེགས་བྱས། 2024ལོའི་ཟླ11པར། ཀྲུང་གོ་སྤོ་སྒུལ་མཐོ་སྒང་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས་མཚོ་ཤར་བཟོ་ལས་གླིང་ཁུལ་དུ་དངོས་སུ་རྨང་གཞི་བཏིང་ནས། དུས་ཡུན་ལོ་གཅིག་གི་འཛུགས་སྐྲུན་འགག་སྒྲོལ་བྱེད་མགོ་ཚུགས། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར20བཏང་བ་དང་ས་ཁྱོན་སྤྱི་ཆིང4.2བཟུང་ལ། ཐོག་བརྩེགས་བཞི་ཅན་གྱི་ཚད་ལྡན་ཅན་གྱི་རིག་ནུས་རྩིས་འཁོར་ཁང3དང་། སྒུལ་ཤུགས་ལྟེ་གནས2བསྐྲུན་རྒྱུའི་འཆར་འགོད་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ76520ཟིན་ཡོད་པ་རེད། བསྐྲུན་རྗེས10kWཡན་གྱི་ཚགས་དམ་ཆེ་བའི་འཕྲུལ་འཁོར་སྒྲོམ་ཁྲི1.1ཇེ་མང་དུ་གཏོང་བ་དང་། ཚད་ལྡན་འཕྲུལ་འཁོར་སྒྲོམ་ཁྲི་4.4དང་། དྲ་རྒྱའི་ཐེགས་ཚད20Tཟིན་ནས་བྱང་བུ་ཁྲི་རིམ་པའི་རིག་རྩིས་ཚོགས་སྤྱི་ཞིག་ཆགས་པ་དང་། PUEཚད་དེ1.15མན་དུ་ཚོད་འཛིན་བྱས་ནས། “ཤར་གྲངས་ནུབ་རྩིས་དང་། ཤར་གྲངས་ནུབ་འགྲེལ། ཤར་གྲངས་ནུབ་སྦྱོང་”བཅས་ཀྱི་རིག་རྩིས་ལས་སྒོ་གཙོ་གནད་སྦྲེལ་མཐུད་བྱས་ནས། ཀུན་རྩིས་དང་རིག་རྩིས། བརྒལ་རྩིས་བཅས་གཞི་གཅིག་ཏུ་འདུས་པའི་ལྗང་མདོག་རྩིས་ཤུགས་ཕྱོགས་བསྡུས་སྒྲོམ་གཞི་གཏོད་རྒྱུ་རེད།

རྣམ་གྲངས་འཛུགས་སྐྲུན་བྱེད་པའི་སྐབས་སུ། མཚོ་སྔོན་སྤོ་འགུལ་སྒྲིག་འཛུགས་ལས་དོན་གྱི་ཆེད་ཚན་བཙུགས་ནས་སྔོན་ལ་ཞབས་འདེགས་ཞུ་བ་དང་། ས་ཆ་དང་གློག་ཤུགས། ལྗང་མདོག་གློག་གི་དམིགས་ཚད། ཁོར་ཡུག་དཔྱད་བསྡུར་ཞིབ་མཆན་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་གྱི་དཀའ་གནད་གཅིག་གྱུར་གྱིས་སེལ་བ་དང་། “གཟའ་རེར་བཀོད་གཏོང་དང་། ཟླ་རེར་བརྡ་གཏོང་། རྩིས་ཐོ་རིམ་བསུབ་ཀྱི་ལམ་ལུགས་སྤེལ་ནས། ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱ་རྒྱུ་རེད། དེ་དང་ཆབས་ཅིག་སྡེ་ཚོགས་རྩིས་ཤུགས་འཛུགས་སྐྱོང་གི་ཚད་གཞི་ལག་བསྟར་ནན་པོ་བྱས་ནས། རབས་དྲུག་པའི་གྲངས་གཞི་ལྟེ་གནས་གསར་པའི་ལག་རྩལ་སྤྱད་དེ། གཤེར་གྲངས་དང་རང་བྱུང་གྲངས་ཁུངས། རིག་ནུས་འཁོར་སྐྱོད་སྲུང་སྐྱོབ། འོད་ཡོངས་རྩིས་ཤུགས་དྲ་རྒྱ་སོགས་སྔོན་ཐོན་ཇུས་གཞི་འདུས་གྲུབ་བྱས་ནས“སྤྱི་ལེ་གཅིག་གི་གྲོང་ཁྱེར་མུ་ཁྱུད་དང་། སྤྱི་ལེ་ལྔ་ཡི་ཞིང་ཆེན་ཁྱབ་ཁོངས་མུ་ཁོངས། སྤྱི་ལེ་ཉི་ཤུའི་རྒྱལ་ཡོངས་མུ་ཁོངས”ཀྱི་དུས་ཚོད་དམའ་བའི་རྩིས་ཤུགས་དྲ་རྒྱ་བསྐྲུན་ནས། རྩིས་ཤུགས་དང་དྲ་རྒྱ་མཉམ་འདྲེས་གཏིང་ཟབ་དང་ནུས་ཆེའི་བཀོད་གཏོང་ལ་སྐུལ་འདེད་བཏང་ནས་རྣམ་གྲངས་ལ་དུས་བཀག་ལྟར་འགྲུབ་པར་སྐུལ་འདེད་བཏང་།

རྣམ་གྲངས་སྤྱོད་མགོ་ཚུགས་རྗེས། ཀྲུང་གོ་སྤོ་འགུལ་མཐོ་སྒང་གཞི་གྲངས་གཞི་ཆེན་མོའི་ལྟེ་གནས་སུ་འཕྲུལ་ཆས་ཁྲི4.7ལས་བརྒལ་བ་དང་རྩིས་ཤུགས་ཀྱི་གཞི་ཁྱོན་ཁྲི3ལས་བརྒལ་བའི་ཕྱོགས་བསྡུས་རྩིས་ཤུགས་ཚོགས་སྤྱི་ཞིག་ཆགས་ནས། མཚོ་སྔོན་གྱི་ས་གནས་སྲིད་དོན་དང་དངུལ་རྩ། ནུས་རྒྱུ། རིག་གནས་ཡུལ་སྐོར་སོགས་ལས་རིགས་ཀྱི་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་གྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད། ཤར་རྒྱུད་ཀྱི་རྩིས་ཤུགས“ཤར་གྲངས་ནུབ་རྩིས་”ཀྱི་འཐབ་ཇུས་ལ་སྦྲེལ་མཐུད་བྱས་ཏེ། མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་ལེགས་ཆ་དེ་རྩིས་ནུས་ཀྱི་ལེགས་ཆ་དང་། གྲངས་གཞིའི་ལེགས་ཆ། ཐོན་ལས་ཀྱི་ལེགས་ཆ་བཅས་སུ་བསྒྱུར་རྒྱུར་རོགས་རམ་བྱས་ཡོད། དེ་དང་ཆབས་ཅིག་གཞི་གྲངས་གཞི་ཆེན་པོ་དང་། མིས་བཟོས་རིག་ནུས། སྤྲིན་རྩིས་སོགས་ཐོན་ལས་གོང་འོག་གཅིག་སྡུད་བྱ་རྒྱུར་སྐུལ་ཁྲིད་བྱས་ནས། གཞི་གྲངས་ཁེ་ལས་མཚོ་ཤར་དུ་སླེབས་པར་སྐོང་འགུག་བྱེད་པ་དང་། མཚོ་ཤར་རྨ་ཙོང་ཁུལ་གསར་གྱི་ལྗང་མདོག་རྩིས་ཤུགས་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཚོ་ཤར་དུ་སྒོར་དུང་ཕྱུར་སྟོང་རིམ་པའི་གཞི་གྲངས་ཐོན་ལས་ཚོགས་སྤྱི་གཏོད་པ་དང་།“ལྗང་མདོག་གློག་དང་། ལྗང་མདོག་རྩིས་རྒྱག  ལྗང་མདོག་གྲངས་ཀ”མཉམ་འདྲེས་འཕེལ་རྒྱས་ཀྱིས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ལ་སྒུལ་ཤགས་ཆེན་པོ་སྤྲོད་རྒྱུ་རེད།

སྙིང་བྱམས་ཚེ་རིང་གིས་བསྒྱུར།