མཚོ་སྔོན་ཁམས་ར་སྤྱི་གླིང་ལྗོངས་ཁུལ་གྱིས་ཚོང་གཉེར་བྱེད་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ5བའི་ཚེས1ཉིན་ནས་ཟླ5བའི་ཚེས18ཉིན་བར། མཚོ་སྔོན་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དངོས་སུ་སྒོ་འབྱེད་ཚོང་གཉེར་བྱེད་མགོ་བརྩམས། ལྗོངས་ཁུལ་གྱིས་དུས་མཉམ་དུ་ཟླ5བའི་འཛིན་བྱང་ཚང་མ་གོང་བདེ་དང་རིམ་དབྱེ་གཟིགས་སྐྱོང་སྲིད་ཇུས་བཏོན་ཏེ། རྒྱ་ཆེའི་ཡུལ་སྐོར་བ་དག“རི་སྔོ་ཆུ་དྭངས། ས་དམར་མཛེས་ལྗོངས”སུ་ཕེབས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱས།

ཁམས་ར་སྤྱི་གླིང་ལྗོངས་ཁུལ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ངོས་འཛིན་བྱས་པའི་འཛམ་གླིང་ས་གཤིས་སྤྱི་གླིང་ཡིན་ལ། དེར་ས་དམར་ས་གཤིས་དང་གདོད་མའི་ནགས་ཚལ། གྲོག་རོང་ཆུ་མཛོད་སོགས་རང་བྱུང་མཛེས་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་འཛོམས་པོ་ཡོད་པར་མ་ཟད། ད་དུང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་རྒྱལ་ཁབ་ས་གཤིས་སྤྱི་གླིང་། རྒྱལ་ཁབ་རྨ་ཆུའི་ཆུ་བེད་མཛེས་ལྗོངས་གནས་མཆོག་སོགས་ཀྱི་མཚན་སྙན་མང་པོ་ཐོབ་ཡོད།

ཐེངས་འདིའི་ཚོད་ལྟའི་ཚོང་གཉེར་སྐབས་སུ། ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཡོངས་ལ་དམིགས་ཏེ་དམིགས་བསལ་གཟིགས་སྐྱོང(ཟླ5བའི་ཚེས1ཉིན་ནས་ཟླ5བའི་ཚེས31ཉིན)འཛིན་བྱང་གི་རིན་གོང་ཕྱེད་ཀ་ཕབ་གཅོག་བྱས་ཏེ་མི་རེར་སྒོར22.5ཡིན་པ་དང་། ཆུ་ཚོད48ནང་དུ་ཐེངས་དུ་མར་སྤྱི་གླིང་དུ་སོང་ཆོག་ལ། ལྗོངས་ཁུལ་གྱི་འགྲུལ་སྐྱེལ་རླངས་འཁོར་དང་མཚོ་གྲུའི་རིན་གོང་བརྒྱད་གཅོག་བྱས་ཏེ། སོ་སོར་མི་རེར་སྒོར32ནས་སྒོར80ཡིན།

ལྗོངས་ཁུལ་དུ་དངོས་མིང་ཐོ་འགོད་ཀྱི་ལམ་ལུགས་ལྟར་འཛིན་བྱང་ཉོ་དགོས་ལ། ཡུལ་སྐོར་བས་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་དང་འདར་དབྱངས། ཞེའེ་ཁྲིན། མའེ་ཐོན་སོགས་ཀྱི་སྤྱི་སྟེགས་ལས་ཉོས་ཆོག་པ་དང་། ཡང་ན་ཁམས་ར་གྲོང་རྡལ་ཤར་ཕྱོགས་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་ཡུལ་དངོས་ནས་ཉོས་ཀྱང་ཆོག  

ཁོོན་ཐར་དབང་རྒྱལ་གྱིས་བསྒྱུར།