
ཉེ་ལམ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་རྫོང་ཁོངས་སྨན་ཞབས་མཐུན་ཚོགས་ཀྱི་སྨན་ཐོ་ཞིབ་བཤེར་ལྟེ་གནས་ཀྱི་སྒོ་བྱང་བཀལ་ཏེ་དངོས་སུ་ལས་གཉེར་བྱེད་མགོ་བརྩམས་པ་དང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁོངས་སྨན་ཞབས་མཐུན་ཚོགས་ཀྱི་སྨན་ཐོ་ཞིབ་བཤེར་ལྟེ་གནས་དང་པོ་ཡིན་ལ། ཞིབ་ལས་ཅན་གྱི་སྡེབ་སྒྲིག་དང་རིག་སྟོབས་ཅན་གྱི་གཞོགས་འདེགས་ལ་བརྟེན་ནས། གཞི་རིམ་སྨན་སྦྱོར་མཁན་གྱི་མི་འདང་ས་དང་ཆེད་ལས་ནུས་པའི་སྟོང་ཆ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རྫོང་རིམ་པའི་སྤུས་ལེགས་སྨན་སྦྱོར་རིགས་པའི་ཐོན་ཁུངས་གཤམ་སྤྲོད་བྱེད་པར་སྐུལ་འདེད་བཏང་།
ཧུའུ་ཀྲུའུ་རྫོང་རྫོང་ཁོངས་སྨན་ཞབས་མཐུན་ཚོགས་ཀྱི་སྨན་ཐོ་ཞིབ་བཤེར་ལྟེ་གནས་ཀྱིས་ཧུའུ་ཀྲུའུ་རྫོང་མི་དམངས་སྨན་ཁང་སྣེ་ཁྲིད་ལས་ཁུངས་སུ་བྱས་ཏེ། རྫོང་ཀྲུང་ལུགས་སྨན་ཁང་དང་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་སོགས་རྫོང་ཡོངས་ཀྱི་གྲོང་རྡལ་འཕྲོད་བསྟེན་ཁང21དང་མཉམ་འབྲེལ་སྒོས། སྨན་སྦྱོར་མཁན96གྱིས་གྲུབ་པའི་ཆེད་ལས་རུ་དཔུང་སྒྲིག་འཛུགས་བྱས་ཏེ། “AIརིག་སྟོབས་སྔོན་སྒྲུབ་ཞིབ་བཤེར་བྱེད་པ་དང་སྨན་སྦྱོར་མཁན་ཉམས་མྱོང་ཅན་གྱིས་བསྐྱར་ཞིབ་བྱེད་པའི”མི་དང་འཕྲུལ་ཆས་ཟུང་འབྲེལ་གྱི་ཞིབ་བཤེར་རྣམ་པ་གསར་གཏོད་དང་ཁྱབ་སྤེལ་བྱས་པ་དང་། རིག་སྟོབས་མ་ལག་གིས་སྨན་རྫས་བསྟེན་ཚུལ་དང་སྨན་སྦྱོར་གྱི་འཛེམ་བྱ། སྨན་རྫས་བསྐྱར་ཟློས་ཀྱིས་བཀོལ་བ་སོགས་ཀྱི་ཉེན་ཁར་དུས་ལྟར་ཉེན་ཟོན་སྔོན་བརྡ་བཏང་བར་མ་ཟད། སྨན་སྦྱོར་མཁན་ཉམས་མྱོང་ཅན་གྱིས་རེ་རེ་ལ་གནད་ལ་ཁེལ་བའི་བསྐྱར་ཞིབ་དང་ཆེད་ལས་ཀྱི་ཞིབ་འཇུག་བརྡར་གཅོད་བྱས་ནས། སྨན་རྫས་བཀོལ་སྤྱོད་ཀྱི་ནོར་འཛོལ་རྩ་བ་ནས་བཀག་འགོག་བྱས་ཏེ། ཕྱོགས་ཡོངས་ནས་སྨན་ཐོའི་བདེ་འཇགས་ལ་འགན་སྲུང་བྱས་ཡོད།
ཞིབ་བཤེར་ལྟེ་གནས་ཀྱིས་ལས་གཉེར་བྱས་རྗེས། གཞི་རིམ་གྱི་སྨན་ཐོ་དུས་ཐོག་ཏུ་གོང་སྤྲོད་བྱས་ཏེ་གཅིག་བསྡུས་ཀྱིས་ཞིབ་བཤེར་བྱེད་རྒྱུ་ཡིན་ལ། གཞི་རིམ་དུ་ཆེད་དུ་སྨན་ཐོར་ཞིབ་བཤེར་བྱེད་པའི་སྨན་སྦྱོར་བའི་ལས་གནས་བཀོད་སྒྲིག་བྱེད་མི་དགོས། དེ་དང་མཉམ་དུ་གཅིག་གྱུར་སྒོས་སྨན་རྫས་བཀོལ་སྤྱོད་བྱེད་སྟངས་ལ་ཁྲིད་སྟོན་དང་སྨན་ཐོར་མཆན་འགོད་བྱེད་པ། ཆེད་ལས་ཀྱི་གསོ་སྦྱོང་བཅས་སྤེལ་ནས། གཞི་རིམ་སྨན་པའི་འོས་འཚམ་གྱིས་སྨན་བཀོལ་སྤྱོད་བྱེད་པའི་ཆུ་ཚད་མགྱོགས་མྱུར་ངང་མཐོར་འདེགས་བཏང་བ་དང་། དེ་སྔོན་གཞི་རིམ་གྱི་སྨན་ཐོ་ཞིབ་བཤེར་གྱི་ཚད་གཞི་མི་གཅིག་པ་དང་གོ་རིམ་རྙོག་འཛིང་ཡིན་པ། སྤུས་ཚད་ཀྱི་ཚོད་འཛིན་དམ་པོ་མིན་པ་བཅས་ཀྱི་གནས་བབས་ལ་འགྱུར་བ་བཏང་སྟེ། མང་ཚོགས་ཀྱིས་རིམ་པ་སོ་སོའི་སྨན་ཁང་ནས་ཚད་གཞི་གཅིག་གྱུར་ཡིན་པའི་སྨན་སྦྱོར་རིག་པའི་ཞབས་ཞུ་ལེགས་པོ་ལོངས་སྤྱོད་ཐུབ་པར་བྱས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།