
ཟླ5པའི་ཚེས4ཉིན། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ཐེན་ཡོའུ་ཏི་རྟགས་མའི་ཐག་ཐག་སྤོ་ལོ་གདན་ཞུ་ལས་ཟི་ལིང་ས་ཚིགས་ཀྱི་འགྲན་སྡུར་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་དམངས་ཡོངས་ལུས་སྦྱོང་ལྟེ་གནས་སུ་མགོ་བརྩམས།
ཐེངས་འདིའི་འགྲན་སྡུར་དེ་ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་དང་ལན་གྲུ་གྲོང་ཁྱེར་ལུས་རྩལ་ཅུས་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། ལན་གྲུ་དང་ཟི་ལིང་། མཚོ་ཤར་ས་ཁུལ་ནས་ཡོང་བའི་རུ་ཁག47ཡོད་ལ། ལུས་རྩལ་པ310མཉམ་དུ་འཛོམས་ནས་སྤོ་ལོ་བརྒྱུད་གྲོགས་པོ་མཉམ་འཛོམས་དང་འགྲན་སྡུར་བརྒྱུད་རྩལ་ནུས་འགྲན་ཏེ། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ལུས་རྩལ་གསོན་ཤུགས་དང་མི་ཆོས་ཀྱི་ཉམས་སྣང་མངོན་པར་བྱས། འགྲན་སྡུར་དུས་ཡུན་ཉིན་གཉིས་ཡིན་ལ། སྐྱེས་པའི་ཚོགས་པ་དང་སྐྱེས་མའི་ཚོགས་པའི་རྣམ་གྲངས་གཉིས་སུ་དབྱེ་ཡོད་པ་དང་། འགྲན་ཞུགས་པའི་ན་ཚོད་ལའང་རྒན་དར་གཞོན་གསུམ་ཚང་མ་ཡོད་ཅིང་ཉམས་མྱོང་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་རྩལ་ཆེན་དང་རྣམ་རིག་གྲུང་བོའི་འགྲན་ཞུགས་པ་གསར་བའང་ཡོད། འགྲན་སྡུར་གྱི་རྣམ་པ་ཛ་དྲག་ཡིན་ལ། འགྲན་ཞུགས་པ་རེ་རེས་དཔའ་ཉམས་ཆེར་བསྐྱེད་ཀྱིས་ལྟད་མོ་བ་རྣམས་ཀྱི་མིག་དབང་འཕྲོག་པར་བྱས། ཐེངས་འདིའི་འགྲན་སྡུར་མཁར་ཤར་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་སུ་སྤེལ་བ་དང་ལྟད་མོ་བ་རྣམས་ཀྱིས་འགྲན་སྡུར་བརྒྱུད་ནས་གྲོང་ཁྱེར་འདིའི་མཛེས་སྡུག་དང་སྐྱེ་ཁམས་ཚོར་བར་བྱས་ལ། རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་གྱི་སྤོ་ལོའི་ཤུགས་རྐྱེན་ཆེ་རུ་བསྐྱེད་ནས་རིག་གནས་དང་ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་གྲུབ་པར་བྱས་ནས་གུང་གསེང་སྐབས་ཀྱི་དཔལ་འབྱོར་གསོན་ཤུགས་གསར་བ་བསྣན།
ཐག་ཐག་སྤོ་ལོ་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་གྱི་སྤོ་ལོ་ཡིན་པའི་ཆ་ནས་ཟི་ལིང་ས་ཆར་ས་གནས་མང་ཚོགས་ཀྱི་སྟོབས་ཤུགས་དང་སྲོལ་རྒྱུན་བཟང་པོའི་རྨང་གཞི་སྲ་བརྟན་ཡོད། ཉེ་བའི་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་དམངས་ཡོངས་ལུས་སྦྱོང་ཐད་འབོད་སྐད་གང་ལེགས་བཏང་ནས་མཁར་ཁུལ་གྱི་སྐར་མ་བཅུའི་ལུས་སྦྱོང་ར་བ་བསྐྲུན་པ་དང་རྒྱལ་ཁབ་སྤོ་ལོ་གཞིས་ཁུལ་དུ་བསྐྱོད་པ་དང་རྒྱལ་ཁབ་སྤོ་ལོ་སྤྱི་གླིང་དུ་བསྐྱོད་པའི་དམངས་ཕན་ལས་གཞི་ལག་བསྟར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གཞིས་ཁུལ་གསར་རྙིང151དང་ལས་རྩལ་སྤྱི་གླིང་གཉིས་ལ་ཐག་ཐག་སྤོ་ལོའི་སྟེགས་བུ404བཙུགས་པ་དང་ཐག་ཐག་སྤོ་ལོའི་སྟེགས་བུ་མང་ཚོགས་ཀྱི་སྒོ་ཁར་བསྐྱལ།
གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་གྲུབ་པར་བྱས་ནས་ལུས་རྩལ་དང་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཀྱི་བརྒྱུད་ལམ་རྒྱ་བསྐྱེད་ནས་ལུས་རྩལ་དང་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་མཉམ་འདྲེས་ཟབ་མོ་ཡོང་བར་ཡར་སྐུལ་བྱས་ནས་མང་ཚོགས་ཀྱི་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
མི་ཕམ་གྱིས་བསྒྱུར།