
ཟླ5པའི་ཚེས8ཉིན། མཚོ་བོད་ལམ་རྒྱུད་ཀྱི་གསར་བརྗེའི་རིག་དངོས་བརྗོད་གཞིར་བྱས་པའི་ཡུལ་སྐོར་ལམ་ཐིག་གི་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་ཟི་ལིང་དུ་མིང་རྟགས་བཀོད་པ་དང་། མཚོ་བོད་ཀྱི་ལྗོངས་དང་ཞིང་ཆེན་གཉིས་ཀྱི་རིག་གནས་ཡུལ་སྐོར་དང་རིག་དངོས་སྡེ་ཁག་མཉམ་དུ་འཛོམས་ནས། ལྗོངས་དང་ཞིང་ཆེན་བརྒལ་བའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་ལེའུ་གསར་བ་མཉམ་དུ་འབྲི་འགོ་བརྩམས།
ཉིན་དེར། ལྗོངས་དང་ཞིང་ཆེན་གཉིས་ཀྱིས་མཉམ་འབྲེལ་བྱ་བའི་ཆེད་གྲྭའི་ཇུས་གཞི་དང་འཐབ་ཇུས་མཉམ་ལས་གྲོས་ཆོད་མཉམ་དུ་སྒྲོག་འདོན་བྱས་པར་མ་ཟད། དམར་པོའི་ཐོན་ཁུངས་དག་སྒྲིག་དང་རྐྱེན་སྲོལ་མཉམ་དུ་འཛུགས་པ། རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་བསྐྲུན་པ་སོགས་ལ་གཞིགས་ནས་བཞུགས་མོལ་བརྗེ་རེས་བྱས། ལྗོངས་དང་ཞིང་ཆེན་གཉིས་ཀྱིས་གཅིག་ཅན་ལྔ་ལ་དམིགས་ནས་གཙོ་གནད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་སྟེ། མཉམ་འབྲེལ་ཆེད་གྲྭ་གཅིག་ནུས་མཐོའི་ངང་འཁོར་སྐྱོད་བྱེད་པ་དང་། མཉམ་འབྲེལ་བྱ་བའི་ཆེད་གྲྭ་སྟོབས་ལྡན་དུ་བཙུགས་ནས། རྒྱུན་རྣམ་ཅན་གྱི་ནུས་མཐོའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ། འཐུས་ཚང་རྣམ་པའི་ཇུས་གཞི་གཅིག་མྱུར་དུ་བཏོན་ནས། ལྗོངས་དང་ཞིང་ཆེན་གཉིས་ཀྱི་ད་ཡོད་འཆར་འགོད་རྨང་གཞིའི་སྟེང་། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་གསར་བརྗེའི་རིག་དངོས་བརྗོད་གཞིར་བྱས་པའི་ཡུལ་སྐོར་ལམ་ཐིག་མཉམ་ལས་ཇུས་གཞི་འགྲུབ་པར་བྱེད་པ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་གསལ་ཁྲ་བརྩོན་ལེན་བྱེད་པ་དང་། མཉམ་འབྲེལ་སྒོས་རྒྱལ་ཁབ་རིག་དངོས་ཅུས་ལ་ཆེད་དུ་ཡར་ཞུ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ལོ་འཁོར་འགུལ་སྐྱོད་གཅིག་མཉམ་དུ་སྤེལ་འགོ་བརྩམས་ནས། 2026ལོ་ནས2028ལོའི་བར་རྒྱལ་ལམ109སྤུས་འདེགས་བསྒྱུར་སྐྲུན་བྱེད་པ་དང་། མཚོ་བོད་ལྕགས་ལམ་གྱི་གློག་གཟུགས་ཅན་བསྒྱུར་བཀོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། འགྲིམ་འགྲུལ་སྤུས་འདེགས་བཟོ་སྐྲུན་བརྒྱུད་རིག་གནས་ཡུལ་སྐོར་གྱི་སྡེབ་སྒྲིག་སྒྲིག་ཆས་མི་འདང་ས་འཐུས་ཚང་དུ་གཏོང་བ། ཚོང་རྟགས་ཀྱི་བྱེད་སྒོ་མང་པོ་མཉམ་འབྲེལ་གྱིས་སྤེལ་བ་དང་། མཚོ་བོད་ལྕགས་ལམ་གྱི་གསར་བརྗེའི་རིག་དངོས་མཉམ་འབྲེལ་འགྲེམ་སྟོན་གྱི་འཆར་འགོད་བཟོས་ནས། དམར་པོའི་ཞིབ་སློབ་དང་དམར་པོའི་ཡུལ་སྐོར། དམར་པོའི་རིག་གནས་ལས་གཏོད་ཐོན་རྫས་བཅས་གསར་སྤེལ་བྱེད་པ་དང་། མཚོ་བོད་དམར་པོའི་ལྕགས་ལམ་གྱི་གསར་བརྗེའི་རིག་དངོས་བརྗོད་གཞིར་བྱས་པའི་ཡུལ་སྐོར་ཚོང་རྟགས་མཉམ་དུ་བསྐྲུན་དགོས།
ཐེངས་འདིར་མིང་རྟགས་བཀོད་པ་དེ་ནི་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་། 2025ལོ་ནས2030ལོའི་བར་གྱི་མཚོ་བོད་གཞུང་ལམ་གྱི་དམར་པོའི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འཆར་འགོད་དོན་འཁྱོལ་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པས། མཚོ་བོད་ལམ་རྒྱུད་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དེར་ཕྱོགས་སོ་སོས་སྐུལ་འདེད་བཏང་ཞིང་ཕྱོགས་གཅིག་ནས་ཤུགས་བཏོན་ཏེ་གཞི་གཅིག་མཉམ་སྐྲུན་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་པ་མཚོན། མཚོ་བོད་ཀྱི་ལྗོངས་དང་ཞིང་ཆེན་གཉིས་ཀྱིས་སྡེ་ཁག་གི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་ཁུལ་ཁོངས་མཉམ་འགུལ་ཟབ་སྤེལ་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་སྲོག་རྩར་སྲུང་སྐྱོབ་དང་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ཚད་མཐའ་བརྟན་པོར་སྲུང་བ་དང་། ཆེད་དམིགས་མཉམ་ལས་ལག་བསྟར་ཇུས་གཞི་མགྱོགས་མྱུར་ངང་སྒྲིག་བཟོ་བྱེད་དགོས་ལ། ལས་རིམ་བཀོད་སྒྲིག་དང་དངོས་འབེབས་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་མཚོ་བོད་ལམ་རྒྱུད་ཀྱི་གསར་བརྗེའི་རིག་དངོས་བརྗོད་གཞིར་བྱས་པའི་ཡུལ་སྐོར་ལམ་ཐིག་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་ཁུལ་ཁོངས་བརྒལ་བའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱད་དང་རིག་དངོས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་དམིགས་ཚད་དུ་འགྱུར་བར་བྱེད་དགོས། དམར་པོའི་ཁྲག་རྒྱུན་ཆད་པ་མེད་ཅིང་། རྒྱལ་གཅེས་ཁྱིམ་གཅེས་ཀྱི་བརྩེ་སེམས་ཟབ་མོ་བཅངས་ནས། དུས་རབས་གསར་བར་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།