མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས“སྲུང་སྐྱོབ་པ་སྲུང་སྐྱོབ་བྱེད”ཅེས་པའི་ལས་གཞི་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

ཟླ5ཚེས9ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས“སྲུང་སྐྱོབ་པ་སྲུང་སྐྱོབ་བྱེད་པའི”ལས་གཞི་སྤེལ་མགོ་བརྩམས་ནས་མིང་གཅིག་པའི་གྲོས་གཞིའི་བརྙན་ལམ་དུས་གཅིག་ཏུ་ཁྱབ་བསྒྲགས་བྱས་ཏེ། བྱ་འགུལ་དངོས་ལ་བརྟེན་ནས“མི་ཆོས་དང་བྱམས་བརྩེ། བློས་གཏོང”བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་ལག་ལེན་དུ་བསྟར་བ་དང་། མཐོ་སྒང་གི་སྣོད་བཅུད་དོ་དམ་དང་སྲུང་སྐྱོང་མི་སྣའི་ཚོགས་སྤྱིར་དམིགས་ཏེ། སྣ་མང་ཅན་གྱི་རོགས་སྐྱོར་བྱ་ཐབས་བརྒྱུད“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་རམ་འདེགས་བྱས།

2012ལོར་མཚོ་སྔོན་ཞིང་ཆེན་གྱིས“ཁྱིམ་ཚང་རེར་ལས་གནས་གཅིག”གི་སྐྱེ་ཁམས་སྲུང་སྐྱོབ་པའི་ལམ་ལུགས་ཁྱབ་གདལ་བཏང་བ་ནས་བཟུང་། ས་གནས་དེ་གའི་རོང་འབྲོག་མང་ཚོགས་ཁྲི་ལྷག་གིས་རང་འགུལ་ངང་ལས་རིགས་བསྒྱུར་ཏེ་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་པར་གྱུར་ཡོད། ཁོང་ཚོས་ལོ་ལྟར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4200ཡན་ཡོད་པའི་མཐོ་གི་གྲང་ངར་དང་གསོ་རླུང་དཀོན་པའི་ས་ཁོངས་སུ་གཞི་ཚུགས་ནས། ལྟེ་བའི་སྐྱེ་ཁམས་ཁུལ་ཁག་ཏུ་ཕྱིན་ཏེ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། མེ་འགོག་སྐོར་ཞིབ། ལྐོག་རྔོན་སྔོག་འདོན་ལ་ངོ་རྒོལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གད་སྙིགས་གཙང་བཤེར། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་སོགས་ཀྱི་འགན་འཁྲི་གལ་ཆེན་འཁུར་ནས། གོམ་སྟབས་ཀྱིས་སྐྱེ་ཁམས་སྲུང་རགས་ཚད་འཇལ་བྱས་ཤིང་། བརྟན་སྲུང་གིས་སྔོ་ལྗང་གི་རི་ཆུ་སྲུང་བྱས་པས། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་མཁན་གྱི་སོ་ཚིགས་དང་པོར་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི“སྲུང་སྐྱོབ་པ་སྲུང་སྐྱོབ་བྱེད་པའི”ལས་གཞིའི་དམིགས་ཡུལ་ནི། སྐྱེ་ཁམས་སྲུང་སྐྱོབ་པར་“ས་ཚིགས་གཅིག་དང་ཁུག་མ་གཅིག ། འཛིན་ཡིག་གཅིག གྱོན་གོས་གཅིག”བཅས་ཀྱི་གཞི་རྩའི་ཐབས་ལམ་སྤྲོད་པ་དང་བཀོད་སྒྲིག་བྱས་པ་བརྒྱུད། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་པར་རྒྱུན་གཏན་གྱི་སྐོར་ཞིབ་ཁྲོད་འཕྲད་པའི་བདེ་ཐང་དང་དྲོད་སྲུང་སོགས་ཀྱི་གནད་དོན་འགན་ལེན་དང་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེའི་ནང“ས་ཚིགས་གཅིག”ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ཚང་མར་ཚད་ལྡན་གྱི་རྒྱ་གྲམ་དམར་པོའི་འཕྲལ་སྡོམ་མྱུར་སྐྱོབ་ས་ཚིགས་ཤིག་བསྐྲུན་རྩིས་ཡོད་པ་དང་། “ཁུག་མ་གཅིག”ནི་མཐོ་སྒང་གི་འཕྲལ་སྡོམ་རོགས་སྐྱོབ་ཁུག་མ་ཡིན་ཞིང་། དེའི་ནང་མྱུར་སྐྱོབ་མཁོ་ཆས་དང་རོགས་སྐྱོབ་སྒྲིག་ཆས་ཚུད་ཡོད། “འཛིན་ཡིག་གཅིག”ནི་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་ཆེད་དོན་གསོ་སྦྱོང་བྱས་ནས། སྲུང་སྐྱོབ་མི་སྣ་ཚང་མར་དཔྱད་ཞིབ་བྱས་པ་བརྒྱུད་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་པའི་འཛིན་ཐོབ་པར་འགན་ལེན་བྱས་ཏེ། རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། “གྱོན་གོས་གཅིག”ནི་སྐྱེ་ཁམས་སྲུང་སྐྱོབ་པར་དྲོད་ལྡན་ལྭ་བཟང་རེ་སྟེར་རྒྱུ་དེ་རེད།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཡུང་ཧྲན་གྱིས་བཤད་རྒྱུར། སྲུང་སྐྱོབ་པ་སྲུང་སྐྱོབ་བྱེད་པའི་ལས་གཞི་དེ། ལོ་ལྔའི་ནང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མི་སྣ་ཁྲི3ལྷག་ཙམ་ལ་ཁྱབ་རྩིས་ཡོད། མིག་སྔར་ལས་གཞི་དེ་མ་དངུལ་གྲབས་གསོག་གི་དུས་མཚམས་སུ་སླེབས་ཡོད་པས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣ་རྣམས་སྲུང་སྐྱོང་པ་སྲུང་སྐྱོབ་བྱེད་པའི་བྱེད་སྒོ་འདིའི་ནང་དུ་ཞུགས་ནས་མཉམ་དུ་སྲུང་སྐྱོབ་བྱེད་ཟེར།


སྙིང་བྱམས་ཚེ་རིང་གིས་བསྒྱུར།