
ཟླ5པའི་ཚེས13ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྤྱི་བདེ་ཅུས་གཡུ་སྐེ་མངག་གཏོང་ཁང་གིས་རྒྱལ་ཡོངས་ཀྱི་སྐོར་ཐེངས་བཞི་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངག་གཏོང་ཁང”གི་སྒོ་བྱང་ཡོལ་རས་འབྱེད་པའི་མཛད་སྒོ་བསྡུས། མངག་གཏོང་ཁང་འདི་ནི་ཡུས་ཧྲུའུ་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་གཞི་རིམ་མངག་གཏོང་ཁང་ཐོག་མ་དང་། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་མངག་གཏོང་ཁང་ཨང་བཞི་པར་གྱུར་ནས། ཡུས་ཧྲུའུ་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་མིག་དཔེ་བཞག་ཡོད།
རྒྱུས་ལོན་པ་ལྟར་ན། གཡུ་སྐེ་མངག་གཏོང་ཁང་གིས་ལས་ཀའི་ཕན་འབྲས་དོན་ལྡན་ལ་བརྟེན་ནས་སྔ་རྗེས་སུ་གཟི་བརྗིད་མཚན་སྙན་གང་མང་ཐོབ་མྱོང་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངག་གཏོང་ཁང”ལ་བདམས་པ་དང་། 2025ལོར་སྤྱི་བདེ་པུའུ་ཡིས“རིམ་པ་དང་པོའི་སྤྱི་བདེ་མངག་གཏོང་ཁང”ལ་བདམས་ཡོད་ཅིང་། 2026ལོར་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངག་གཏོང་ཁང”བདེ་བླག་ངང་བཙུགས་པའི་དུས་མཚུངས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“ཕུལ་བྱུང་གཞི་རིམ་ལས་ཁུངས”ཀྱི་མཚན་སྙན་ཐོབ་པར་མ་ཟད། ཐུན་མོང་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཉིས་བཞག་མྱོང་།
ཉེ་བའི་ལོ་འདི་དག་གི་རིང་། གཡུ་སྐེ་མངག་གཏོང་ཁང་གིས་མཐོ་སྒང་འབྲོག་ཁུལ་དུ་རྩ་བ་ཚུགས་པར་བྱས་ཏེ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་ཟབ་སྤེལ་བཏང་ནས། གཞི་རིམ་བཅོས་སྐྱོང་དང་ཉེན་རྟོག་ལས་དོན་ཞབས་ཞུའི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཏང་འཛུགས་ཁྲིད་སྟོན་རྒྱུན་འཁྱོངས་དང་ཏང་ཡོན་གྱི་གདོང་མཆོང་ལས་གནས་འཛུགས་པ། ཏང་ཡོན་དང་མི་དམངས་ཉེན་རྟོག་པས་སྡེ་བའི་འགན་གཙང་ལེན་དང་ཁྱིམ་ཚང་མཉམ་འབྲེལ་གྱི་ལས་ཀའི་ལམ་སྲོལ་ཁྱབ་གདལ་གཏོང་བ་དང་། “རྟ་རྒྱབ་ཉེན་རྟོག་རུ་ཁག”རྩ་འཛུགས་བྱས་ནས། ཐག་རིང་ལུང་ཁུག་ཏུ་གནས་པའི་འབྲོག་ཁྱིམ་ལ་ཞབས་འདེགས་ཞུ་བ། སྤྱི་བདེ་ཡི“རུ་ཁག་གཉིས་དང་སྡོད་ཁང་གཅིག”གི་བཅོས་སྒྱུར་ཟབ་སྤེལ་གཏོང་བ། ཁྱོན་ཡོངས་ནས་མངའ་ཁུལ་གྱི་བདེ་འཇགས་འགོག་སྡོམ་གྱི་དྲ་རྒྱ་བསྐྲུན་པ་བཅས་བྱས་ཡོད། “ཀྲི་པུའུ་ཧྲུའུ་ཅི་རྒན་པའི་འགལ་བ་འདུམ་འགྲིག་ཁང”གི་སྒོ་བྱང་བཀལ་ནས། འགལ་བ་དང་རྩོད་གཞི་ས་གནས་དེ་གར་ཐག་གཅོད་དང་འབྱུང་རྩ་ནས་འདུམ་འགྲིག་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།