མཚོ་སྔོན་གྱིས་ལས་ཞུགས་ཞབས་ཞུ་ལ་ཤུགས་བསྣན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་བསྩལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

​ད་ལོའི་ཟླ6པའི་ཚེས11ཉིན་ནས་བཟུང་། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་བདེ་འཇགས་འགན་སྲུང་ཐིང་དང་། ནོར་སྲིད་ཐིང་། རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་པར་འགྲེམ་བྱས་པའི《ལས་ཞུགས་ཞབས་ཞུ་ལ་ཤུགས་བསྣན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྟོབས་ཤུགས་བསྩལ་ཏེ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་སྐོར་གྱི་བྱེད་ཐབས་ཁག་ཅིག》ཅེས་པ་ལག་བསྟར་བྱེད་རྒྱུ་རེད། ཕྱོགས་བདུན་ལ་དམིགས་ཏེ་གནད་ཁེལ་ཤུགས་འདོན་བྱེད་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་དང་ལས་ཞུགས་ཀྱི་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཚིགས་འཛུགས་པར་གཞོགས་འདེགས་བྱེད་རྒྱུ་རེད།

ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་ནས། ཐེངས་དང་པོར་མཚོ་སྔོན་དུ་ལས་གཏོད་བྱས་པའི་རིག་གནས་ཡུལ་སྐོར་ཁེ་ལས་ཆུང་བ་དང་སྒེར་གཉེར་ཚོང་ལས་ལོ་གཅིག་གི་ཡན་ལ་ཚོང་གཉེར་བྱས་པའི་རིགས་ལ་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར་ཁྲི་གཅིག་སྟེར་བ། མི་སྒེར་ལས་གཏོད་པ་ཡིས་ཆེས་མཐོ་ན་སྒོར་འབུམ་གསུམ་རེ་ཞུ་བྱས་ཆོག་ལ། ཁེ་ལས་ཆུང་བས་ཆེས་མཐོ་ན་སྒོར་ས་ཡ་བཞི་ཡི་ལས་གཏོད་ཁག་འཁུར་དངུལ་བུན་སྐྱིལ་ཆོག ནོར་སྲིད་ཀྱི་དངོས་ཡོད་སྐྱེད་ཀའི་ཚད་བརྒྱ་ཆའི50ཡིན། ཤུལ་བཞག་རིག་གནས་བཟོ་གྲྭ་དང་། རིག་གནས་ཡུལ་སྐོར་ཐད་གཏོང་། ཁྱད་ལྡན་དམངས་ཤག་སོགས་ལས་རྣམ་གསར་བའི་རིགས་ལས་གཏོད་གསོ་སྐྱོང་རྟེན་གཞིའི་ཁྲོད་ཚུད་པར་མ་ཟད། གླ་ཆ་ཇེ་ཉུང་དུ་གཏོང་བ་དང་གཅིག་ལྕོག་རྣམ་པའི་ཞབས་ཞུ་ལོངས་སྤྱོད་བྱས་ཆོག

ལས་གནས་བརྟན་པོ་དང་ལས་མི་བཀོལ་སྤྱོད་ཀྱི་ཕྱོགས་ནས། ལས་ཤོར་འགན་བཅོལ་གྱི་ལས་བརྟན་དངུལ་སློག་དང་། དུས་རིམ་རང་བཞིན་གྱིས་ལས་ཤོར་དང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། “ རེ་ཞུ་མི་དགོས་པར་ལོངས་སྤྱོད་ཆོག་པའི”རྣམ་པ་ཁྱབ་གདལ་གཏོང་བ། ཁེ་ལས་ཀྱིས་བསྡུ་ལེན་བྱས་པའི་སློབ་མཐར་ཕྱིན་པའི་ལོ་དང་སློབ་མཐར་ཕྱིན་ནས་ལོ་གཉིས་ནང་ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་།  ལོ16 ནས་ལོ24 བར་གྱི་ལས་ཤོར་ཐོ་འགོད་ན་གཞོན་སོགས་གཙོ་གནད་ཚོགས་སྤྱི་ལ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྤྲོད་པ། ལས་རིགས་ཐོབ་ཐང་ལག་ཁྱེར་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་ཡོད་པའི་རིག་གནས་དང་ཡུལ་སྐོར་ཁེ་ལས་ཀྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་པ་ལ་རྩལ་ནུས་མཐོར་གཏོང་གི་ཁ་གསབ་སྤྲོད་པ་བཅས་ཡོད།

གནད་ལ་འཁེལ་བའི་སྒོ་ནས་ལས་མིའི་དགོས་མཁོ་དང་སྦྲེལ་མཐུད་བྱེད་ཆེད། མཚོ་སྔོན་གྱིས་གཙོ་གནད་རིག་གནས་ཡུལ་སྐོར་ཁེ་ལས་སུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ།“ཁེ་ལས་གཅིག་ལ་བྱེད་ཐབས་གཅིག”ལག་བསྟར་བྱ་རྒྱུ་རེད། “ལྟེ་གཅིག་གདུབ་གཅིག་རྒྱུད་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ལ་དམིགས་ཏེ། དྭངས་གཙང་གི་རྨ་ཆུ་དང་། ཚྭ་འདམ་གཞོང་ས་སོགས་གཙོ་གནད་ས་ཁོངས་ཀྱི་དུས་ཚིགས་རང་བཞིན་དང་གནས་སྐབས་རང་བཞིན་གྱི་ལས་མིའི་གྲ་སྒྲིག་ལེགས་པོ་བྱེད་པ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ལ་ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ་སྤྲད་ཆོག 

རྩལ་ནུས་གསོ་སྦྱོང་གི་ཐད། དམངས་ཤག་ཞབས་ཞུ་དང་། གངས་འཁྱག་ལུས་རྩལ། ཤུལ་བཞག་རིག་གནས་རྒྱུན་འཛིན་སོགས་ཀྱི་གསོ་སྦྱོང་ལ་སྐུལ་འདེད་བྱས་ཏེ་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱིས་རིག་གནས་གསར་གཏོད་ཇུས་འགོད་དང་ཚོང་གཉེར་སོགས་ཆེད་དོན་གསོ་སྦྱོང་ལ་རྒྱབ་སྐྱོར་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་གཉེར་སྐྱོང་མི་སྣ་དང་ལག་རྩལ་སྣེ་ཁྲིད་མི་སྣ་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཕྱིའི་སྔོན་ཐོན་ས་ཁུལ་དུ་སློབ་སྦྱོང་བྱེད་པར་མངགས་པ། ཆ་རྐྱེན་དང་མཐུན་པའི་སྡེ་ཚན་ཀྱིས་རྩལ་ནུས་རིམ་པའི་ངོས་འཛིན་གཏན་འཁེལ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་ཆོག

ད་དང་མཉམ་དུ། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་དང་། མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ཀྱི་ཚོགས་སྤྱི་ལས་ཞུགས་བསྡུ་ལེན་བྱས་ཏེ་ལོ1 ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་རིག་གནས་ཡུལ་སྐོར་ཁེ་ལས་ལ་གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྤྲོད་པ། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་དྲ་ཐོག་དང་ཡུལ་དངོས། ཐད་གཏོང་བཅས་ཟུང་འབྲེལ་གྱིས་གདན་ཞུའི་མ་ལག་འཛུགས་སྐྲུན་བྱས་ཏེ། འགན་བཅོལ་ནང་ཞུགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཐོའི་ཚད་བཀག་ཕྱོགས་ཡོངས་ནས་མེད་པར་བཟོས་ནས། ཡུལ་སྐོར་པར་ལེན་ཞབས་ཞུ་བ་དང་། དམངས་ཤག་དོ་དམ་པ་སོགས་ལས་རྣམ་གསར་པའི་སྟབས་བསྟུན་ལས་ཞུགས་མི་སྣའི་ཁེ་དབང་འགན་སྲུང་བྱེད་པ།

རྒྱུས་ལོན་བྱུང་བ་ལྟར་ན། 《ལས་ཞུགས་ཞབས་ཞུ་ལ་ཤུགས་བསྣན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྟོབས་ཤུགས་བསྩལ་ཏེ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་སྐོར་གྱི་བྱེད་ཐབས་ཁག་ཅིག》ཅེས་པའི་ནུས་ཐོན་དུས་ཡུན་ལོ5 རེད།

ཁོན་ཐར་དབང་རྒྱལ་གྱིས་སྒྱུར།