
ཟླ5བའི་ཚེས27ཉིན། 《རྒན་གསོ་ལས་ཁུངས་ཀྱི་ནུས་ཤོར་བདག་སྐྱོང་གི་གཞི་རྩའི་ཞབས་ཞུ་ཚད་ལྡན་གཏོང་ཐབས》ཞེས་པའི་མཚོ་སྔོན་ས་གནས་ཚད་གཞི་བཏོན་པ་དང་། ཟླ6པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། དེ་ཡིས་རང་ཞིང་ཆེན་གྱི་རྒན་གསོ་ལས་ཁུངས་ཀྱི་ནུས་ཤོར་བདག་སྐྱོང་གི་ས་གནས་ཚད་གཞིའི་སྟོང་ཆ་བསྐངས་ཤིང་། ནུས་ཤོར་རྒན་པར་བདག་སྐྱོང་ཞབས་ཞུ་བྱེད་པའི་སྤུས་ཚད་མཐོར་འདེགས་གཏོང་ཐུབ།
《ཚད་ལྡན》ནང་དུ་ཚད་ཆུང་བ་དང་། འབྲིང་བ། ཆེ་བ། ནུས་པ་ཡོངས་ཤོར་བཅས་རིགས་བཞིའི་ཚད་ལེན་རེའུ་མིག་གསལ་བོར་བཏོན་ཡོད་ལ། ནུས་ཤོར་བདག་སྐྱོང་གི་རྩ་བའི་རེ་བ་དང་། ཞབས་ཞུའི་ནང་དོན། ཞབས་ཞུའི་གོ་རིམ། སྤུས་ཚད་གདེང་འཇོག འཚོ་བའི་ལྟ་རྟོག བདེ་ཐང་བདག་སྐྱོང་། ཁམས་གསོ་རམ་འདེགས། སེམས་ཁམས་གསོ་སྐྱོང་སོགས་ཀྱི་ནང་དོན་འདུས་ཤིང་། འཚོ་བའི་ལྟ་རྟོག་དང་། རྨང་གཞིའི་སྨན་བཅོས་བདག་སྐྱོང་། བདེ་འཇགས་སྲུང་སྐྱོང་། འགོ་ནད་འགོག་སྲུང་སོགས་ཀྱི་རིམ་པའི་སྒྲུབ་སྟངས་ཚད་གཞི་གཙོ་ཆེར་ཞིབ་ཚགས་སུ་བཏང་ཡོད།
ཚད་གཞི་འདི་བཏོན་པ་ལས། ཞིང་ཆེན་ཡོངས་ཀྱི་རྒན་གསོ་ལས་ཁུངས་ཀྱིས་ནུས་ཤོར་བདག་སྐྱོང་ཞབས་ཞུར་གཅིག་གྱུར་གྱི་སྒྲུབ་སྟངས་མཁོ་འདོན་བྱས་ཡོད་ལ། སྔར་བས་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ལས་ཁུངས་ཀྱི་ནུས་ཤོར་བདག་སྐྱོང་ཞབས་ཞུའི་ལས་ཀ་ཚད་ལྡན་དུ་བཏང་ཞིང་། རང་ཞིང་ཆེན་གྱི་ནུས་ཤོར་བདག་སྐྱོང་ཞབས་ཞུའི་གོ་རིམ་ཚད་གཞི་ཅན་དང་། ཞབས་ཞུ་སྒྲུབ་སྟངས་ཚད་ལྡན་ཅན་དུ་གཏོང་བར་ཕན་པ་ཆེ་ལ། རྒན་གསོ་ལས་ཁུངས་ཀྱི་ཞབས་ཞུ་ལེགས་བཅོས་རྣམ་པར་སྣེ་ཁྲིད་བྱས་ནས། མི་སྣའི་གསོ་སྦྱོང་དང་། སྒྲིག་ཆས་འཐུས་ཚང་དུ་གཏོང་བར་ཤུགས་བསྣན་ནས། ནུས་ཤོར་རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་འགན་སྲུང་བྱས་ཏེ། ཁྱིམ་སྡོད་དང་སྡེ་ཁུལ་ལས་ཁུངས་བར་གྱི་མཐུན་སྦྱོར་དང་། སྨན་གསོ་ཁམས་གསོ་གཉིས་མཉམ་སྤྱོད་བྱེད་པའི་རྒན་གསོ་ཞབས་ཞུའི་རྣམ་པ་གསར་འཛུགས་བྱེད་པར་རོགས་འདེགས་བྱེད་ཐུབ།
མིག་སྔར། ཞིང་ཆེན་དམངས་སྲིད་ཐིང་གིས་ཡུལ་དངོས་དང་དྲ་ཐོག་ཏུ་ཚད་གཞི་སྒྲོག་འགྲེལ་ཁྱབ་སྒྲོག་དང་གསབ་སྦྱོང་སྤེལ་ཡོད་ལ། ས་གནས་སོ་སོའི་དམངས་སྲིད་སྡེ་ཁག་དང་རྒན་གསོ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཚད་གཞིའི་ནང་དོན་ཁོང་དུ་ཆུད་པར་མཛུབ་སྟོན་བྱས། ཞིང་ཆེན་ཡོངས་ཀྱི་རྒན་གསོ་ལས་ཁུངས་ཀྱིས《ཚད་ལྡན》གཞིར་བཟུང་ནས་རང་བརྟག་ལེགས་བཅོས་བྱེད་པར་སྐུལ་མ་བྱས་ཏེ། ཚད་གཞི་དེ་ཉིན་རྒྱུན་ཞབས་ཞུ་དང་དོ་དམ་ནང་འདྲེས་པར་སྐུལ་འདེད་གཏོང་བཏང་། དུས་མཉམ་དུ། 《ཚད་ལྡན》གྱི་ལག་བསྟར་གནས་ཚུལ་དེ། རྒན་གསོ་ལས་ཁུངས་ཀྱི་རིམ་བགར་དཔྱད་བསྡུར་དང་། ཉིན་རྒྱུན་གྱི་ལྟ་ཞིབ་དོ་དམ་གྱི་ནང་དོན་གལ་ཆེན་ནང་དུ་བཞག་ནས། ལྟ་ཞིབ་ལྟ་སྐུལ་དང་འབྲས་བུར་བརྟག་པར་ཤུགས་བསྣན་ཏེ། 《ཚད་ལྡན》དངོས་འབེབས་ནུས་ཐོན་འབྱུང་བར་འགན་སྲུང་བྱས་ནས། ནུས་ཤོར་རྒན་པ་དང་དེའི་ཁྱིམ་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དངོས་སུ་ཇེ་དྲག་ཏུ་བཏང་ཡོད།
སྙིང་བྱམས་ཚེ་རིང་གིས་བསྒྱུར།