
ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་སྣེ་ཁྲིད་པའི་མཚོ་སྔོན་ཞིང་ཆེན་གྱི་གློག་གིས་དྲོད་རླངས་མཁོ་འདོན་དཔེ་དབྱིབས་ཀྱི་འོད་གསོག་ཚ་གསོག་རིག་ལྡན་དྲོད་རླངས་མཁོ་འདོན་མ་ལག་ཞིབ་འཇུག་དང་དཔེ་སྟོན་ཉེར་སྤྱོད་ཚན་རྩལ་ལས་གཞིའི་འགོ་རྩོམ་མཛད་སྒོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་རྣམ་སྲས་ཡུལ་ཚོ་རུ་སྤེལ།
ཐེངས་འདིར་ལས་འགོ་བརྩམས་པའི་འོད་གསོག་ཚ་གསོག་རིག་ནུས་དྲོད་རླངས་མཁོ་འདོན་ལས་གཞི་དེ་ནི་འོད་དང་ནུས་གསོག ཚ་དྲོད། གློག་གསོག་གཅིག་བསྡུས་བེད་སྤྱོད་ལ་དམིགས་ནས། མཚོ་སྔོན་གྱི་གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་ས་ཁུལ་དང་འཚམ་པའི་ཚན་རྩལ་གསར་གཏོད་དཔེ་སྟོན་ལས་གཞི་ཞིག་ཡིན། ལས་གཞི་དེས་འོད་ཤུགས་གློག་འདོན་དང་ནུས་གསོག་སྙོམས་སྒྲིག རིག་ནུས་དྲོད་འདོན། ནུས་རྒྱུ་གསར་པའི་གློག་གསོག་ནུས་པ་ཆེན་པོ་བཞི་ཕྱོགས་བསྡུས་བྱས་ཏེ། རིག་ནུས་ཅན་གྱི་ཚོད་འཛིན་དོ་དམ་སྟེགས་བུ་བསྐྲུན་པ་དང་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁོར་ཡུག་འོག་སྒྲིག་ཆས་འཁོར་སྐྱོད་བརྟན་པོ་དང་ནུས་རྒྱུ་ཕན་འབྲས་ཆེ་བའི་བེད་སྤྱོད། རིག་ནུས་དྲོད་ཚད་བརྟན་པོའི་ངང་ཚོད་འཛིན་བྱེད་པ་སོགས་འགག་རྩའི་ལག་རྩལ་གྱི་དཀའ་གནད་སེལ་ནས། འོད་ཤུགས་གློག་འདོན་དང་ནུས་གསོག་སྙོམས་སྒྲིག རིག་ནུས་དྲོད་འདོན། ནུས་རྒྱུ་གསར་པའི་གློག་གསོག་ནུས་པ་བཅས་ཕྱོགས་ཆེན་པོ་བཞི་ཕྱོགས་བསྡུས་མངོན་འགྱུར་བྱུང་བ་དང་། དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་ཆ་རྐྱེན་རྩ་བ་ནས་ཇེ་ལེགས་སུ་བཏང་ལ། སྲོལ་རྒྱུན་གྱི་རྡོ་སོལ་དང་བུད་ཤིང་གི་དྲོད་འདོན་བྱེད་སྟངས་མེད་པར་བཟོས་པ་མ་ཟད། དམངས་འཚོ་འགན་ལེན་དང་སྐྱེ་ཁམས་སྲུང་སྐྱོབ། ཐོན་ལས་རིམ་སྤོར་སོགས་ཀྱི་ཐད་ལ་ཕན་འབྲས་མང་པོ་ལྡན།
ལས་གཞི་འདི་དོན་འཁྱོལ་བྱས་རྗེས་ཐཱན་མེད་གྲོང་རྡལ་ཆུང་གྲས་སྐྲུན་པར་ནུས་རྒྱུའི་འགན་ལེན་གྱི་ནུས་པ་ཐོན་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་ངོས་ནས་བརྗོད་ན། འོད་ཤུགས་གཙང་མའི་ནུས་རྒྱུ་སྤྱད་དེ་སྲོལ་རྒྱུན་གྱི་འགྱུར་རྡོའི་ནུས་རྒྱུའི་ཚབ་བྱས་ནས་ཐཱན་ཉུང་གཏོང་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་ནུས་ལྡན་ངང་ཇེ་ཉུང་དུ་བཏང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་བསྐྲུན་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བྱས། ཐོན་ལས་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན། གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་ས་ཁུལ་གྱི་འོད་གསོག་དྲོད་གློག་གཞི་གཅིག་ཅན་གྱི་དྲོད་རླངས་མཁོ་འདོན་ལག་རྩལ་སྤྱོད་པའི་སྟོང་ཆ་གསབ་པ་དང་། ལག་རྩལ་ཚད་གཞི་དང་ཕྱོགས་བསྡུས་ཐག་གཅོད་ཇུས་གཞི་ཆ་ཚང་ཞིག་ཆགས་པར་བྱས་ནས་ནུས་རྒྱུ་གསར་པ་དང་རིག་ནུས་དྲོད་རླངས་མཁོ་འདོན་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་མཚོ་སྔོན་གྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
མི་ཕམ་མགོན་པོས་བསྒྱུར།