
ཟླ5ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ(ཞིང་ཆེན་སྲིད་འཛིན་སློབ་གླིང་དང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང)གིས་གཙོ་བསྒྲུབ་བྱས་པ་དང་མཚོ་སྔོན་ལས་བྱེད་པའི་དྲ་སྦྲེལ་སློབ་གླིང་གིས་སྒྲུབ་འགན་འཁུར་བའི2026ལོའི་ཐེངས་གསུམ་པའི“ཁུ་ནུ་འཆད་ཁྲིད་ཆེན་མོའི”དྲ་ཐོག་འཆད་ཁྲིད་བྱེད་འགོ་བརྩམས། ཀྲུང་གོ་བཟོ་ལས་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལི་དབྱི་ཀྲུང་གིས《ཇི་ལྟར་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་དགོས》ཞེས་པ་གཙོོ་བོར་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས།
ལི་དབྱི་ཀྲུང་གིས་གཏིང་ཟབ་ཅིང་གོ་བདེ་བའི་སྒོ་ནས་དུས་རབས་གསར་པའི་བཟོ་ལས་འཕེལ་རྒྱས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་དང་། བཟོ་ལས་ཅན་གསར་པའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། བདེ་འཇགས་རྒྱུན་མཐུད་སོགས་ལ་ཇི་ལྟར་སྐུལ་འདེད་གཏོང་རྒྱུའི་ཐད་འགྲེལ་བརྗོད་བྱས། ཐོན་སྐྱེད་ནུས་ཤུགས་གསར་པའི་ནུས་པར་བརྟེན་ནས་བཟོ་ལས་ཅན་གསར་པ་གཏོད་རྒྱུ་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཇེ་བརྟན་དུ་གཏོང་བའི་དམ་འཛིན་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་། བཟོ་ལས་ཅན་གསར་པའི་འཕེལ་རྒྱས་ཀྱིས་གསར་གཏོད་སྣེ་ཁྲིད་དང་། གཞི་གྲངས་ནུས་སྩོལ། ལྗང་མདོག་ཐཱན་ཉུང་སོགས་ཀྱི་འཕེལ་རྒྱས་གཙོ་གནད་དམ་འཛིན་བྱེད་དགོས། ཕན་འབྲས་མཐོ་བ་དང་། ནུས་ཁུངས་ཟད་གྲོན་ཆུང་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་དེང་རབས་ཅན་གྱི་བཟོ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་སོགས་ཀྱི་ལྟ་བ་རྒྱས་བཤད་བྱས། ཐེངས་འདིའི་འཆད་ཁྲིད་ལ་ལྟེ་བའི་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་གཏིང་ཟབ་བྱས་ཡོད་ལ། བྱེ་བྲག་གི་ལག་ལེན་ཐབས་ལམ་ཡང་གསལ་སྟོན་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ་དང་ལས་ཀའི་བསམ་ཕྱོགས་གསལ་པོ་བྱེད་པར་རོགས་རམ་བྱས་ཡོད། འཆད་ཁྲིད་ལ་ལྟ་མཁན་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཕྱིན་ཆད་མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བྱེད་དགོས། རང་འགུལ་ངང་འཕེལ་རྒྱས་ཀྱི་བསམ་ཕྱོགས་བསྒྱུར་ནས་དངོས་སྒྲུབ་སྤྱོད་ཚུལ་ལ་བརྟེན་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་དུས་རབས་གསར་པའི་བཟོ་ལས་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་དགོས་ཟེར།
གྲོང་ཁྱེར་དང་ཁུལ་གྱི་ལས་ཁུངས་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ལས་བྱེད་པ2000ལྷག་ཙམ་གྱིས་འཆད་ཁྲིད་ཉན་པའམ་བལྟས།
ཚེ་མགོན་རྒྱལ་གྱིས་བསྒྱུར།