
ད་ལོའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། “འཚོ་བ་སྐྱེལ་ཤེས་པའི”འདུ་ཤེས་བརྟན་པོར་འཛུགས་པ། མ་དངུལ་གྱི་གཅིག་གྱུར་འཆར་འགོད་དང་དམངས་འཚོའི་མ་དངུལ་ལག་བསྟར། དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་བཅས་ལ་ཤུགས་བསྣན་ནས། ནོར་སྲིད་ཐོན་ཁུངས་རྒྱུན་མཐུད་ངང་དམངས་འཚོའི་ཁྱབ་ཁོངས་སུ་སྤྱད་ཡོད། མིག་སྔའི་བར་དུ་དམངས་འཚོའི་ལས་གཞི16ལས་འགོ་བརྩམས་ཡོད་ལ། མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་བཏང་ཡོད། ལྷག་མའི་ལས་གཞིའི་སྔོན་འགྲོའི་བྱ་བ་ད་ལྟ་སྒྲུབ་བཞིན་པའི་སྒང་ཡིན།
མ་དངུལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་སྟེ། ནོར་སྲིད་སྡེ་ཁག་གིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་། གོང་རིམ་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་རིགས་སོ་སོའི་མ་དངུལ་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། ཚད་མཐོ་ཤོས་ཀྱིས་ནོར་སྲིད་ཐོན་ཁུངས་ཀྱི་གསོག་འཇོག་གསོན་སྒྱུར་བཅས་བྱས་ཏེ། ནོར་སྲིད་ཀྱི་སྟོབས་ཤུགས་དེ་དམངས་འཚོའི་བདེ་སྐྱིད་དུ་བསྒྱུར་བར་འགན་ལེན་ཏན་ཏིག་བྱས་ཡོད། ལོ་ཧྲིལ་པོར་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གསུམ་བཀོད་སྒྲིག་བྱས་ཏེ། དམངས་འཚོའི་གཏོང་སྒོ་ནི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་བསྡུར་ཚད80% ལ་ཐོན་ཡོད་ལ། གཙོ་བོ་སྤྱི་ཚོགས་འགན་སྲུང་དང་། སློབ་གསོ། སྨན་བཅོས། ལས་ཞུགས་ལས་གཏོད། སྡོད་ཁང་འགན་སྲུང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་སྤྱད་ཡོད་ལ། ཆེད་སྤྱོད་མ་དངུལ་གྱི་བེད་སྤྱོད་དང་རྩིས་ཁྲ་ལ་དོ་དམ་ནན་པོ་བྱས་ཏེ། “གཞི་རྩ་འགན་སྲུང་དང་། མ་མཐའི་མཚམས་ཐིག་སྲུང་བ། ཞན་ཆ་ཁ་གསབ་བྱེད་པ། ཆུ་ཚད་མཐོ་རུ་གཏོང་བ”བཅས་ཏན་ཏིག་གིས་སྒྲུབ་ཡོད། དམངས་འཚོའི་མ་དངུལ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཁུངས་སུ་བསྐྱོད་པ་དང་། གཙོ་གནད་དམ་འཛིན་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མ་དངུལ་ལག་བསྟར་བྱེད་ཤུགས་ཆེ་རུ་སྟེ། ལས་འབྲས་དམིགས་ཚད་ཁྲིད་སྟོན་དུ་བཟུང་ནས། མ་དངུལ་བེད་སྤྱོད་ཀྱི་འགན་འཁྲི་གཙོ་བོ་ནན་དཀྲི་བྱེད་བྱེད་པ་དང་། མ་དངུལ་གཏོང་སྤྲོད་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དམངས་འཚོའི་མ་དངུལ་དུས་ཚོད་ལྟར་གཏོང་སྤྲོད་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ཡོད། དམངས་འཚོའི་བྱ་བ་དངོས་སྒྲུབ་པར་ཤུགས་སྣོན་པ་སྟེ། 2026 ལོར་མཚོ་སྔོན་ཞིང་ཆེན་གྱིས་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་རིགས་ཆེན་པོ་བཅུ་དང་རྣམ་གྲངས26 གཏན་འཁེལ་བྱས་ཡོད་ལ། སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་ཐེར་འབུམ་གཅིག་དང་བྱེ་བ་དགུ་ས་ཡ་བདུན་བཀོད་སྒྲིག་བྱས་ཏེ། སློབ་གསོ་སྤུས་ཚད་མཐོར་འདེགས་དང་། སྨན་བཅོས་འགན་སྲུང་། རྒན་གསོའི་ཞབས་ཞུ། གཞིས་སྡོད་ཁོར་ཡུག འགྲིམ་འགྲུལ་འགྲོ་འོང་། གྲོང་གསེབ་དར་སྤེལ་སོགས་གཙོ་གནད་དམངས་འཚོའི་ཁྱབ་ཁོངས་ཚུད་ཡོད།
ཁོན་ཐར་དབང་རྒྱལ་གྱིས་སྒྱུར།