
ཟླ6པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱི2026ལོའི་དམངས་ཡོངས་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོར་འདེགས་ཟླ་བའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་བརྩམས། ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་གི་སློབ་གྲྭ་དང་ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་བཟོ་ལས་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས། ཞིང་ཆེན་དབང་སྐྱོན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས16གིས་རོགས་སྒྲུབ་བྱས། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཚན་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། མཚོ་སྔོན་དུ་བཅས་སྡོད་བྱས་པའི་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཁེ་ལས་དང་ལས་རིགས་སྡེ་ཁག་བཅས་ནས་ཁྱོན་སྡོམ་མི200བྱེད་སྒོར་ཞུགས།
མཚོ་སྔོན་ཞིང་ཆེན2026ལོའི་དམངས་ཡོངས་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོར་འདེགས་ཟླ་བ་ནི“གྲངས་འཛིན་རིག་སྟོབས་ཀྱིས་ནུས་པ་བསྩོལ་བ་དང་། དམངས་ཡོངས་མཉམ་སྤྱོད་བྱེད་པ”ཞེས་པ་བརྗོད་དོན་བྱེད་པ་དང་། དམངས་ཡོངས་ཀྱི་མིས་བཟོས་རིག་སྟོབས་བྱང་ཚད་མཐོར་འདེགས་གཏོང་བ་དང་། གྲངས་འཛིན་གྲུབ་འབྲས་ཀྱི་ཁྱབ་གདལ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་ཁ་ཕྱོགས་གཙོ་བོར་བཟུང་ནས། གྲངས་འཛིན་བྱང་ཚད་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲངས་འཛིན་བེད་སྤྱོད་ཁྱབ་ཁོངས་ཟབ་སྤེལ་བྱེད་པ། གྲངས་འཛིན་གྱི་ཡོངས་ཁྱབ་དང་དཀྱེལ་ཡངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བདེ་འཇགས་དང་གོ་རིམ་ཡོད་པའི་དྲ་རྒྱའི་བར་སྟོང་བསྐྲུན་པ། དམངས་ཡོངས་ཀྱི་གྲངས་འཛིན་རིག་སྟོབས་ཅན་གྱི་འཕྲོད་ཤུགས་དང་ལས་འགན་ཁྱོག་ཤུགས། གསར་གཏོད་ནུས་ཤུགས་བཅས་སྔར་བའི་མཐོར་གཏེགས་བཏང་བ་བཅས་བྱས།
བྱེད་སྒོའི་སྟེང་། ཞིང་ཆེན་ཡོངས་ནས“གྲངས་འཛིན་རིག་སྟོབས་ཀྱིས་ནུས་པ་བསྩོལ་བ་དང་། དམངས་ཡོངས་མཉམ་སྤྱོད་བྱེད་པ”ཡི་དྲ་རྒྱའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་དང་། མིས་བཟོས་རིག་སྟོབས་ངོས་འཛིན་སློབ་གསོའི་ལག་ལེན་བྱེད་སྒོ། མིས་བཟོས་རིག་སྟོབས་ནུས་བསྩོལ་སློབ་གསོའི་ཆེད་དོན་ལས་འགུལ། དམངས་ཡོངས་མཉམ་སྤྱོད་ཀྱི་རབ་མཛེས་གྲངས་འཛིན་འཚོ་བའི་དྲིལ་བསྒྲགས་བྱེད་སྒོ། གྲངས་འཛིན་ལས་ཀའི་ནུས་པ་མཐོར་འདེགས་གཏོང་བའི་ཆེད་དོན་གསོ་སྦྱོང་། གྲངས་འཛིན་ཁྱབ་ཁོངས་ཀྱི་བྱང་ཚད་མཐོ་བའི་གསོ་སྦྱོང་འཆར་གཞི། མིས་བཟོས་རིག་སྟོབས་བདེ་འཇགས་ཀྱི་ཚད་གཞི་དྲིལ་བསྒྲགས་བྱེད་སྒོ། དམངས་ཡོངས་ཐུན་མོང་ཐོག་བདེ་འཇགས་དང་གོ་རིམ་ཡོད་པའི་དྲ་རྒྱའི་བར་སྟོང་གི་རིམ་བསྟར་བྱེད་སྒོ་སོགས་གཙོ་གནད་བྱེད་སྒོ་ཁག8སྤེལ་ཏེ། གྲངས་འཛིན་ཐོན་ཁུངས་འདོན་སྤྲོད་ནུས་པ་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ་དང་། ས་ཁོངས་དང་ཚོགས་སྤྱིའི་བར་གྱི་གྲངས་ཀའི་ཧེ་བག་ཆུང་དུ་གཏོང་བ། ཁྱོན་ཡོངས་ནས་གྲངས་འཛིན་བདེ་འཇགས་སྲུང་སྐྱོབ་དང་གཞུང་ལུགས་ཐོན་ཁུངས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། གོམ་གང་མདུན་སྤོས་སྒོས་དམངས་ཡོངས་ཀྱི་གྲངས་འཛིན་འཚོ་བ་དང་གྲངས་འཛིན་སློབ་སྦྱོང་། གྲངས་འཛིན་ལས་ཀ གྲངས་འཛིན་གསར་གཏོད་ཁོར་ཡུག་བཅས་རྒྱ་བསྐྱེད་ནས། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལས་ཕྱོད་མཐོ་བའི་སྤྱི་ཚོགས་བཅོས་སྐྱོང་། མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་བཅས་ལ་ནུས་པ་བཏོན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་སྒྱུར།