
ཟླ5པའི་ཚེས29ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐོར་དང་པོའི་ཁུལ་རིམ་པའི་ངལ་ལས་ཚོང་རྟགས་དཔྱད་འདེམ་ཁྲོད། ན་གོར་མོ་གྲོང་ཁྱེར་གྱིས་འོས་སྦྱོར་བྱས་པའི་ཚ་འདམ་གཞོང་གི་ཚྭ་མཚོའི་ཐོན་ལས་བཟོ་པ་དང་ན་གོར་མོའི་ཚྭ་འདོན་དེང་རབས་བཟོ་པ་མཉམ་དུ་འགྲན་རྩོད་ལ་ཞུགས། འགྲེམ་སྟོན་དང་། དཔྱད་འདེམ་པས་དྲི་བ་འདྲི་བ། ཕྱོགས་བསྡུས་དཔྱད་སྐར་སོགས་ཀྱི་རིམ་པ་བརྒྱུད། ཚ་འདམ་གཞོང་གི་ཚྭ་མཚོའི་ཐོན་ལས་བཟོ་པས་ཚད་ལྡན་གྱི་རྩལ་ནུས་འཇོན་མི་སྐྱེད་སྲིང་མ་ལག་དང་། ཐོན་ལས་ཀྱི་ངེས་གནས་གསལ་བོ། ལས་ཞུགས་སྐུལ་ཁྲིད་ཀྱི་དངོས་འབྲས་བཟང་པོ་བཅས་ལ་བརྟེན་ནས། གྲུབ་འབྲས་ཨང་དང་པོ་བླངས་ཏེ་བདམས་ཐོན་བྱུང་། འདིས་ན་གོར་མོས་ངལ་ལས་ཚོང་རྟགས་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་པ་མཚོན་ཡོད།
ཚ་འདམ་གཞོང་གི་ཚྭ་མཚོའི་ཐོན་ལས་བཟོ་པའི་ངལ་ལས་ཚོང་རྟགས་ཀྱིས་ན་གོར་མོའི་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ནས། སྲོལ་རྒྱུན་བཟོ་པའི་སྙིང་སྟོབས་དང་དེང་རབས་ཅན་གྱི་ཐོན་སྐྱེད་རྩལ་ནུས་ཟུང་འབྲེལ་བྱས་པ་དང་། གཏན་འཁེལ་ཅན་གྱི་རྩལ་ནུས་གསོ་སྦྱོང་དང་མངགས་ཐོ་རྣམ་པའི་འཇོན་མི་མཁོ་འདོན། དུས་རིམ་ཡོངས་ཀྱི་ལས་མི་བཀོལ་བའི་ཞབས་ཞུ་བཅས་བརྒྱུད་དེ། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་བ་སོགས་དགེ་མཚན་ལྡན་པའི་ཐོན་ལས་སྡེ་ཚོགས་ལ་ལས་ཡུལ་དང་པོའི་ལག་རྩལ་གྱི་རྐང་འཛིན་མི་སྣ་སྐྱེད་སྲིང་དང་བཀོད་སྒྲིག་བྱས། ཚོང་རྟགས་དེས་ཁེ་ལས་ཀྱིས་ལས་མི་བཀོལ་བའི་དཀའ་གནད་ནུས་ལྡན་གྱིས་སེལ་ཐབས་བྱས་པར་མ་ཟད། དེ་དང་མཉམ་དུ་ཉེ་འཁོར་གྱི་རོང་འབྲོག་མང་ཚོགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ནུས་ཤུགས་སྐུལ་ཁྲིད་བྱས་ཏེ་ལས་ཞུགས་བརྟན་པོ་དང་རྩལ་ནུས་འབབ་འཕར་མངོན་འགྱུར་བྱུང་ལ། ཁ་ཐོར་དུ་ལུས་པའི་ངལ་ལས་མི་སྣ་རྣམས་རྩ་འཛུགས་ལྡན་ཞིང་དཔང་ཡིག་ཡོད་པ། འཕེལ་རྒྱས་ཡོད་པ་བཅས་ཀྱི་ཐོན་ལས་བཟོ་པའི་ཕྱོགས་སུ་ཚུལ་སྒྱུར་ཡོང་བར་སྐུལ་འདེད་བཏང་།
ཉེ་བའི་ལོ་འགའི་རིང་། ན་གོར་མོ་གྲོང་ཁྱེར་གྱིས་ལས་ཞུགས་གཙོར་འཛིན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་ཞིང་། འོད་ནུས་དང་ཚྭ་མཚོ། ཚེམ་དྲུབས་སོགས་ཁྱད་ལྡན་ཐོན་ལས་སྡེ་ཚོགས་ཀྱི་འཕེལ་རྒྱས་དགོས་མཁོར་དམ་དུ་དམིགས་ནས། ངལ་ལས་ཚོང་རྟགས་བསྐྲུན་པའི་ནུས་པ་བསྟུད་མར་ཇེ་ཆེར་བཏང་། མིག་སྔར། མཛུབ་རྩེའི་ཕྱིར་དྲན་ཞེས་པའི་ཞིང་ཆེན་རིམ་པའི་ངལ་ལས་ཚོང་རྟགས་དང་། ན་གོར་མོའི་ཚྭ་འདོན་དེང་རབས་བཟོ་པ། ཚ་འདམ་གཞོང་གི་ཚྭ་མཚོའི་ཐོན་ལས་བཟོ་པ་སོགས་གྲོང་ཁྱེར་རིམ་པའི་ངལ་ལས་ཚོང་རྟགས་བསྐྲུན་ཡོད་པས། མི་ཐེངས་སྟོང་གཅིག་དང་བདུན་བརྒྱ་ལྷག་སྐུལ་ཁྲིད་བྱས་ནས་ལས་ཞུགས་བརྟན་པོ་མངོན་འགྱུར་བྱུང་།
ལྷ་མོ་འཚོས་བསྒྱུར།